དམའ་འབྲིང་བོད་ཡིག་སློབ་དེབ་ལས་སུམ་ཅུ་པའི་སྐོར་གྱི་རྩ་ཚིག

རྣམ་དབྱེ་བརྒྱད་ནི།

དང་པོ་ངོ་བོ་ཙམ་བརྗོད་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་སྒྲ། བཞི་བ་དགོས་ཆེད། ལྔ་བ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པ་འབོད་སྒྲ།

འབྲེལ་སྒྲ།

རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི། །ཁྱད་ཆོས་གང་དག་ཁྱད་གཞི་དང་། །ཆ་ཤས་རྣམས་ནི་ཆ་ཅན་སོགས། །གང་དང་འབྲེལ་བར་སྟོན་པའམ། །གང་གི་ཡིན་པར་སྟོན་བྱེད་ཀྱི། །གི་ཀྱི་གྱི་འི་ཡི་ལྔ་བོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན། །རྗེས་འཇུག་གང་ལ་འཇུག་ཚུལ་ནི། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་རྟེན་མེད་མཐར་འི། །རྐང་བ་སྐོང་ཚེ་ཡི་འཐོབ་བོ། །

བྱེད་སྒྲ།

བྱེད་པ་པོ་ཞིག་ཉེར་བཟུང་ནས། །དེ་ཡིས་བྱ་བ་བྱས་པ་ཞིག །དངོས་སམ་ཤུགས་ལས་སྟོན་པས་ན། །རྣམ་དབྱེ་གསུམ་པ་བྱེད་སྒྲ་ཡིན། །

ལ་དོན།

སུ་རུ་ར་ལ་ཏུ་དུ་ན། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་པ་བཞི་བ་དང་། །བདུན་པ་དེ་ཉིད་དུས་ལ་འཇུག །ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་རྟེན་མེད་པའི་མཐར། །ར་དང་རུ་གཉིས་ཅི་རིགས་སྦྱོར། །ན་ལ་དག་ནི་སྐབས་བསྟུན་བྱ། །

ལས་སུ་བྱ་བ།

བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། །དེ་ལ་བྱ་བ་བྱས་པ་ཞིག །གཙོ་བོར་སྟོན་པའི་རྣམ་དབྱེ་ནི། །གཉིས་པ་ལས་སུ་བྱ་བ་ཡིན། །

དགོས་ཆེད།

བྱ་གཞི་གསལ་བར་མི་སྟོན་པར། །གང་གི་ཆེད་དུ་བྱ་བ་ཞིག །བྱས་པ་གཙོ་བོར་གོ་ནུས་པ། །རྣམ་དབྱེ་བཞི་བ་དགོས་ཆེད་ཡིན། །

གནས་གཞི།

བརྟེན་བྱའི་ཆོས་ཤིག་རྟེན་གཞི་ལ། །གནས་པ་དང་ནི་ཡོད་པ་སོགས། །གཙོ་བོར་སྟོན་པའི་རྣམ་དབྱེ་ལ། །བདུན་པ་གནས་གཞི་ཞེས་པར་བརྗོད། །

དེ་ཉིད།

དངོས་པོའི་རང་བཞིན་བརྗོད་པ་དང་། །བྱ་བ་དང་ནི་བྱ་བའི་ཡུལ། །ཐ་དད་མེད་པར་སྟོན་པ་ལ། །དེ་ཉིད་ཅེས་པར་བརྗོད་པ་ཡིན། །

ཚེ་སྐབས།

འདས་དང་མ་འོངས་ད་ལྟ་བའི། །བྱ་བ་བྱས་དང་བྱེད་འགྱུར་དང་། །བྱེད་པའི་དུས་ཚིགས་སྟོན་པ་ལ། །དུས་དང་ཚེ་སྐབས་ཞེས་པར་བརྗོད། །

འབྱུང་ཁུངས།

རྣམ་དབྱེ་ལྔ་བ་འབྱུང་ཁུངས་ནི། །ནས་ལས་གཉིས་ནི་ཆོས་གང་ཞིག །གང་ལས་བྱུང་བར་སྟོན་པ་དང་། །མང་པོ་རྣམས་ལས་དགར་བ་དང་། །སྡུད་པའི་དོན་ལའང་འཇུག་པ་ཡིན། །

འབོད་སྒྲ།

ཀྱེ་དང་ཀྭ་ཡེ་སྒྲ་གཉིས་ནི། །རྣམ་དབྱེ་བརྒྱད་པ་བོད་པ་སྟེ། །ཕལ་ཆེར་མིང་གི་ཐོག་མ་དང་། །སྐབས་འགར་མིང་མཐར་སྦྱར་བའང་ཡོད། །

ཚིག་ཕྲད་ཀྱི་གོ་དོན།

མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་ཀྱི་གནས་སུ་ཕྲད་ཀྱི་སྒྲ་དེ་སྦྱར་ན་དོན་ཞིག་སྟོན་ལ། དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་བ་དེས་སྤྱི་བམ་པ་ཞིག་ལས་དོན་གསལ་བོ་གང་ཡང་མི་སྟོན་པ་ཞིག་ལ་ཟེར།

རྫོགས་ཚིག

གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་རྫོགས་ཚིག་སྟེ། །སླར་བསྡུ་ཟླ་སྡུད་ཅེས་ཀྱང་བྱ། །རྗེས་འཇུག་རང་འདྲའི་མཐའ་ལ་སྦྱོར། །མཐའ་རྟེན་མེད་མཐར་འོ་སྦྱོར་ཞིང་། །ད་དྲག་ཅན་མཐར་ཏོ་སྦྱོར་རོ། །

བདག་སྒྲ།

པ་པོ་བ་བོ་མ་མོ་དང་། །ཅན་ལྡན་མཁན་རྣམས་བདག་པོའི་སྒྲ། །ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །

རྒྱན་སྡུད།

ཚིག་ཕྲད་ཀྱང་འང་ཡང་གསུམ་ནི། །ཚིག་རྒྱན་གཉིས་དང་སྡུད་པར་འཇུག །ག་ད་བ་སའི་རྗེས་སུ་ཀྱང་། །ང་ན་མ་འ་ར་ལ་ཡང་། །རྗེས་འཇུག་མེད་མཐར་འང་ངམ་ཡང་། །རྐང་བ་སྐོང་ཚེ་ཡང་འཐོབ་བོ། །

ལྷག་བཅས།

སྟེ་ཏེ་དེ་གསུམ་ལྷག་བཅས་ཏེ། །མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །རྗེས་འཇུག་མེད་མཐར་ས་སྟེ་འཐོབ། །

འབྱེད་སྡུད།

གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་བཅུ་གཅིག་ནི། །རྣམ་གྲངས་སོ་སོར་འབྱེད་པ་དང་། །ཕྱོགས་གཅིག་ལ་ནི་སྡུད་པའོ། །རྗེས་འཇུག་རང་འདྲའི་རྗེས་སུ་དང་། །ད་དྲག་ཅན་མཐར་ཏམ་སྦྱོར་དགོས། །

ཚིག་ཕྲད་ཞིང་སོགས།

ཚིག་ཕྲད་ཅིང་ལ་སོགས་པ་ནི། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང་། །རྗེས་འཇུག་མེད་པའི་མིང་མཐའ་རུ། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ས་མཐའ་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །

ནི་སྒྲ།

ནི་སྒྲ་བྱ་བ་ཁྱད་ཅན་ཞིག །མང་པོ་རྣམས་ལས་དགར་བ་དང་། །དངོས་པོ་ཞིག་ལ་དམིགས་བཙུགས་ནས། །ནན་ཏན་བྱེད་པའི་བརྣན་པ་གཉིས། །

དང་སྒྲ།

དང་སྒྲ་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །

སྤྱི་སྒྲ།

གང་སུ་ཅི་ཇི་སྤྱི་སྒྲ་སྟེ། །གང་ཟག་ལ་ནི་སུ་འཐོབ་ཅིང་། །དྲི་བར་ཅི་དང་དཔེ་ལ་ཇི། །གང་ནི་དེ་དག་ཀུན་ལ་འཇུག །

དགག་སྒྲ།

མ་མི་མིན་མེད་དགག་པའི་སྒྲ། །མ་མི་གཉིས་ནི་ཐོག་མ་དང་། །མིན་མེད་གཉིས་པོ་རྗེས་སུ་སྦྱོར། །

དེ་སྒྲ།

ཐ་སྙད་དབང་དུ་བྱས་པ་གསུམ། །དངོས་པོའི་དབང་དུ་བྱས་པ་བཞི། །དུས་ཀྱི་དབང་གིས་གཉིས་ཡིན་ནོ། །