ཐབས་ལམ་ལྔའི་སྒོ་ནས་ཁྱེད་ཀྱིས་སློབ་སྦྱོང་གི་སྤྲོ་སེམས་སློང་རུང་།

སྒྱུར་བ་པོ། བྱམས•གཅོད་པ་སྐྱབས། 

དགེ་རྒན་མང་པོ་ཞིག་གིས་རང་ཉིད་སློབ་ཁྲིད་ཀྱི་བྱ་བར་ཞུགས་པ་ནི་སློབ་ཁྲིད་ལ་དགའ་བའི་རྒྱུ་མཚན་གྱིས་ཡིན་པ་ཁུངས་སྐྱེལ་བྱེད་ངེས་ལ། མ་ཟད། ཁོ་ཚོ་གཞན་ལ་སློབ་ཁྲིད་བྱེད་པར་དགའ་བ་ཁོ་ན་ཙམ་མིན་པར་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་གང་དེས་རང་ཉིད་ལ་སྤྲོ་སེམས་སྟེར་བ། དགེ་རྒན་བྱ་འདོད་ཀྱི་བློ་ནི་སློབ་ཆེན་གྱི་ཆེད་སྦྱོང་རྐྱང་པར་བརྟེན་ནས་སྐྱེས་པ་ཞིག་མིན་པར་དེར་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་འབེལ་བོ་ཡོད་པ་ཞིག་ཡིན།  ངོས་གཞན་ཞིག་ནས་གླེང་ན། དགེ་རྒན་ཚོས་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་དབྱིན་ཡིག་གམ་རྩིས་རིག །ཚན་རིག་སོགས་རིག་ཚན་གང་དང་གང་ཡིན་ཡང་འཛིན་ཁང་གཅིག་པུ་མིན་པར་འཐབ་ར་གང་མང་གི་ཁྲོད་ནས་དེར་འཇུག་པ། ནམ་ནམ་ཞར་ཞར་ལ་རང་ཉིད་ཀྱི་དགའ་ཕྱོགས་ལ་འབད་ཅིང་འབུངས་པ། ཁོང་ཚོས་རང་ཉིད་ཅི་ཞིག་ལ་དགའ་བ་དེ་གླེང་བརྗོད་དང་རྩོད་ལེན་བྱེད་སྐབས་སེམས་སུ་བདེ་ཚོར་བླ་མེད་ཅིག་སྐྱེ་བཞིན་ཡོད།

དགེ་རྒན་ཚོ་ལན་རེར་སློབ་སྦྱོང་ལ་འདོད་མོས་རྩ་བ་ནས་མེད་པའི་སློབ་མ་ཁ་ཤས་དང་འཕྲད་ཀྱིན་ཡོད། ཡིན་ཡང་། དགེ་རྒན་སྐོར་ཞིག་གིས་རང་ཉིད་ཀྱི་བསམ་པའི་འདུ་ཤེས་དེར་སློབ་མ་ཚོས་མོས་གུས་ཡོད་མེད་ལ་ཁྱོན་ནས་མི་བརྟགས་པར་རང་གི་དགའ་ཁ་འཁྱེར་ཕྱོགས་ཁོ་ནར་ཧར་གྱིས་འཐམས་ཏེ་སློབ་ཁྲིད་ལ་འཇུག་པའང་འདུག

དགེ་རྒན་ཚོ་རང་ཉིད་ཀྱི་འཁྲིད་བྱ་གང་ཡིན་ལ་མ་ལྟོས་པར་སློབ་ཁྲིད་ལ་དགའ་བ་ནི་དངོས་ཡོད་ཅིག་རེད། དེས་ན་ང་ཚོར་མཚམས་འདི་ནས་འདྲི་བ་ཞིག་ལྷག་ཡོད་པ་ནི། "སློབ་ཁྲིད་ལ་སྤྲོ་སེམས་ལྡན་པའི་དགེ་རྒན་དག་གིས་ཅི་ལྟར་སློབ་སྦྱོང་ལ་སྤྲོ་སེམས་ཡོད་པའི་སློབ་མ་དག་བསྐྱེད་སྲིང་བྱ་ཐུབ་བམ།" མདོར་དེད་ན། སློབ་མ་ཚོར་ཇི་སྲིད་སློབ་སྦྱོང་ལ་སྤྲོ་སྣང་ངེས་ཅན་ཞིག་མ་ཡོད་པ་དེ་སྲིད་དུ་ཁོ་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་པར་སྐུལ་མ་ཐོབ་མི་ཐུབ།

༼1༽ དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་སྲོང་པོར་སྨྲ་བ། རང་ཉིད་ཀྱིས་གང་བཤད་པ་དེར་རང་གིས་སྤྲོ་སྣང་མེད་པའམ་མེད་པར་སྣང་བའི་མི་ཞིག་གི་མདུན་ནས་སློབ་ལ་གཉེར་བ་ནི་ཧ་ཅང་གིས་ཉོབ་སྣང་ཆེ་བ་ཞིག་ཡིན། དེ་ལས་ལྡོག་སྟེ། རང་གིས་བརྗོད་དོན་གང་ཡིན་དེ་སྤྲོ་སྣང་ཆེན་པོས་གླེང་ཚེ། དེ་ནི་བློ་ཡུལ་ལས་འདས་པའི་སེམས་ཤུགས་སྐྱེད་སྤྱད་ཅིག་ཡིན་ངེས། ཁྱེད་རང་གང་ལ་དགའ་ན། དེར་ཕྱིར་མངོན་དུ་འཇུག་དགོས། དེ་བས་ཁྱེད་ཀྱི་དགའ་སྤོབས་དེ་གཞན་ལའང་འགོ་སྲིད།

༼2༽ དགེ་རྒན་ཚོས་རྒྱུན་ཏུ་རང་ཉིད་ཀྱི་དགའ་ཕྱོགས་ལ་འཇུག་ཞོར་རང་ཉིད་ཀྱི་སློབ་མ་ཚོར་དེ་བཞིན་དུ་ལབ་གླེང་བྱེད་པ། ཁྱེད་ཉིད་མིག་དཔེ་བལྟ་ས་བྱ་དགོས། གལ་སྲིད་ཁྱེད་ཀྱིས་གནད་དོན་ཞིག་ལ་བསམ་གཞིག་གནང་བའི་དུས་སུའམ། ལས་འཆར་གཞན་ཞིག་བརྩམས་པའི་སྐབས། ཡང་ན། རྐང་ཐང་ལ་འགྲོ་བའི་སྐབས་སུ་ལམ་བར་ནས་འཛིན་གྲྭ་དང་འབྲེལ་བ་ཡོད་པའི་བྱ་དངོས་ག་གེ་མོ་ཞིག་རྙེད་ཚེ། རང་ཉིད་ཀྱི་ཉམས་མྱོང་དེ་ཕྱིར་ཡོང་ནས་སློབ་མ་ཚོར་བཤད་དགོས། ཁྱེད་དང་ཁྱེད་ཀྱི་སློབ་མ་ཚོས་གླེང་སློང་གང་བྱེད་པ་དེ་ངེས་པར་དུ་འཛིན་ཁང་དང་ཐད་ཀར་འབྲེལ་བ་དགོས་པ་ཞིག་རྩ་བ་ནས་མ་ཡིན་པར། ཁྱེད་གྱིས་གང་འཁྲིད་པ་དེ་འཛིན་ཁང་ལས་བརྒལ་བའི་ཕྱི་རོལ་གྱི་འཇིག་རྟེན་དང་ཅི་ལྟར་འབྲེལ་བ་ཆགས་ཡོད་པ་སློབ་མ་ཚོར་ཤེས་སུ་འཇུག་དགོས།

༼3༽ སློབ་མ་ཚོར་ཡང་རང་རང་སོ་སོའི་དགའ་ཕྱོགས་རྩོད་ལེན་བྱེད་པར་སྐུལ་མ་ཐེབས་ཐུབ་པ་བྱ་རྒྱུ། ཁྱེད་ཀྱི་འཁྲིད་བྱའི་ནང་དོན་གང་ཡིན་ཡང་། གལ་ཏེ་སློབ་མ་ཚོས་ཤེས་བྱ་དེ་ནི་ཡིག་རྒྱུགས་ལས་བརྒལ་བའི་བཀོལ་སྤྱོད་ཀྱི་ནུས་པ་ཡོད་པའི་ལག་ལེན་གྱི་ཉམས་མྱོང་ཐོབ་ཚེ། སློབ་མ་ཚོར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་སློབ་ལ་འཇུག་པར་སྐུལ་མ་ཐེབས་ཐུབ། མཚམས་ལན་རེར། འཛིན་ཁང་ནི་ཧ་ལས་པའི་དབེན་གནས་ཤིག་ཡིན་པས། སློབ་མ་ཚོར་ཕྱི་རོལ་སྤྱི་ཚོགས་དངོས་ཀྱི་སྣང་ཚུལ་མཐོང་ཐུབ་པར་བྱེད་དགོས།

༼4༽ དགའ་ཕྱོགས་ནི་གཞན་ཡིད་འགུག་ནུས་པའི་མཛེས་པ་ཞིག་ཡིན། དེ་ནི་མ་མཐའ་ཡང་ང་ཚོ་མི་བུ་དར་མ་ཚོའི་འདོད་ཚུལ་ཞིག་ཡིན། སློབ་མ་ཚོ་རྒྱུན་པར་ཧ་ཅང་གིས་ཤེས་ཡོན་ཅན་ནམ་སྒེར་ཚུགས་ཅན་བྱེད་པར་འཛེམ་དོགས་ཆེན་པོ་གནང་གིན་ཡོད། རྒྱུ་མཚན། སློབ་གྲྭ་ནི་ནམ་ཡིན་ན་གཞན་ཡིད་འཕྲོག་ནུས་པའི་མཛེས་སྡུག་ཡིན་པའི་ར་སྤྲོད་བྱེད་ཐུབ་ཀྱིན་མེད། འོན་ཏེ། སློབ་གྲྭ་ནི་དོན་ངོ་མར་མཛེས་སྡུག་ཅིག་ཡིན་རུང་ལ་ཡིན་ཡང་དགོས། དེར་བརྟེན། དུས་རྟག་ཏུ་སློབ་མ་ཚོར་དགའ་ཕྱོགས་ཅན་དང་སྤྱང་གྲུང་ཅན། ཧུར་བརྩོན་ཅན་ཞིག་ཡིན་ཚེ་ཀུན་གྱིས་ཡི་རང་བསྔགས་བརྗོད་བྱེད་ངེས་པའི་དྲན་གསོ་ཡང་ཡང་གཏོང་དགོས། ད་དུང་ཁོང་ཚོར་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ངོམས་སའི་སྡིངས་ཆ་གང་མང་མང་ཞིག་བསྐྲུན་དགོས།

༼5༽ དམིགས་འབེན་གཏན་འཁེལ་ནས་ཡར་རྒྱས་ཡོད་པའི་སློབ་མ་ཚོར་གཟེངས་རྟགས་འབུལ་བ། སློབ་མ་ཚོས་རང་ཉིད་ཀྱི་སློབ་སྦྱོང་གི་ཡར་རྒྱས་ལ་རང་ཉིད་ཀྱིས་དམིགས་དབེན་ངེས་ཅན་ཞིག་འཛིན་པའི་སྐལ་བ་ཞིག་བྱང་ཚེ། དམག་འཁྲུག་གི་ཕྱེད་ཀར་སྔ་རོལ་ནས་རྒྱལ་ཁ་ཐོབ་ཟིན་པ་རེད། སྐབས་འདིར་སློབ་མ་ཚོར་མུ་མཐུད་དུ་སྔར་ལས་ཀྱང་མཐོ་བའི་རྒྱལ་ཁ་རྩོད་ལེན་གནང་བར་རང་གིས་རང་ལ་སྐུལ་ལྕག་བྱེད་ཐུབ་པའི་ནང་སེམས་ཀྱི་ཀུན་སློང་གི་ངར་དང་དཔའ་དེ་འཛོམས་ཡོད། དེ་བས་འཕེལ་རྒྱས་ཅན་གྱི་སློབ་མ་ཚོར་ངོས་འཛིན་གྱི་གཟེངས་རྟགས་འབུལ་བ་མཚམས་འཇོག་མི་རུང་།

ཐ་ན་སློབ་མ་རྐང་གཅིག་བརྗོད་གཞི་བྱེ་བྲག་པ་སྣ་གཅིག་ལ་སྤྲོ་སྣང་ཡོད་པ་བཟོ་རྒྱུ་ལས་སླ་པོ་ཞིག་གཏན་ནས་མིན་པས། འཛིན་གྲྭ་ཧྲིལ་པོ་སློབ་སྦྱོང་ལ་སྤྲོ་ཤུགས་ལྡན་པ་ཞིག་ཏུ་སྒྱུར་རྒྱུ་དོན་ངོ་མའི་དཀའ་གནད་ཅིག་ཡིན་པ་སྨྲ་ཅི་དགོས། ། རེད་དེ། སྤྲོ་ཉམས་ཀྱིས་ཕྱུག་པའི་དྭངས་གཙང་གི་མཁའ་དབུགས་ཤིག་གི་འོག་ནས། སློབ་མ་ཚོས་སློབ་སྦྱོང་ནི་དོན་དམ་པའི་རིན་ཐང་དོ་ཟླ་བྲལ་བ་ཞིག་ཡིན་པའི་ངེས་པ་ཏན་ཏན་རྙེད་སྲིད་དོ།  །