མ་འོངས་པའི་ཁ་ཕྱོགས་དང་ཕྲུ་གུའི་སློབ་གསོ།

སྤྱིར་རྒྱལ་ཁབ་ཅིག་གམ་སྤྱི་ཚོགས་ཤིག་གི་འཕེལ་གྲིབ་དང་། ཆགས་འཇིག །མི་དང་མིའི་དབར་གྱི་རིན་ཐང་གི་ལྟ་བའམ་མི་གཤིས་ཀུན་སྤྱོད་སོགས་མདོར་ན་མི་རིགས་དེའི་མ་འོངས་པའི་འགྲོས་ཕྱོགས་ཡོངས་རྫོགས་མི་རིགས་སམ་སྤྱི་ཚོགས་དེའི་སློབ་གསོའི་ཁ་ཕྱོགས་དང་སློབ་གསོའི་འགྲོ་སྟངས་ལ་རག་ལས་ནས་ཡོད།

 སློབ་གསོ་ལ་ཡང་རྣམ་པ་དང་ལམ་ལུགས་དུ་མ་ཡོད་ལ། དེའི་འབྱུང་ཁུངས་ཀྱང་རྣམ་པ་སྣ་ཚོགས་སུ་གྲུབ་ནས་ཡོད་ཅིང་། སློབ་གསོའི་འབྱུང་ཁུངས་གཙོ་བོ་ནི་སློབ་གྲྭ་དང་། ཁྱིམ་ཚང་ངམ་ཕ་མ་ལ་ཐུག་ཡོད།
ཐོག་མར་ཁྱིམ་ཚང་གི་སློབ་གསོའི་སྐོར་ལ་མདོ་ཙམ་གླེང་འདོད་དེ། དེ་ཡང་ང་ཚོའི་སྤྱི་ཚོགས་སུ་སྔར་དང་བསྡུར་ན་ཁྱིམ་ཚང་གི་སློབ་གསོའི་ཐད་ནས་ཅུང་ཡར་ཐོན་གྱི་རྣམ་པ་མཐོང་རྒྱུ་ཡོད་རུང་། ད་དུང་ཡང་ཆུ་ཚད་ནི་ཧ་ཅང་ཞན། སྔར་ཡིན་ན་ཕ་མས་ཕྲུ་གུའི་རིག་གནས་དང་། སེམས་ཁམས། ཀུན་སྤྱོད་སོགས་གང་གི་ཆ་ནས་ཀྱང་བསམ་གཞིག་བྱེད་མཁན་ཧ་ཅང་དཀོན་ལ། བུ་ཕྲུག་སློབ་གྲྭར་སྐྱེལ་མཁན་དེ་བས་ཀྱང་དཀོན།
 འོན་ཀྱང་དེང་སང་ཕ་མ་ཕལ་མོ་ཆེ་གོ་རྟོགས་ཅུང་སད་ཡོད་མདོག་གིས་ཕྲུ་གུའི་རིག་གནས་ཀྱི་དོན་དུ་སློབ་གྲྭར་ནམ་རྒྱུག་དང་ནུབ་རྒྱུག་བྱེད་ནས་དགེ་རྒན་ལ་སྐད་ཆ་འདྲི་བ་སོགས་ཕྲུ་གུའི་རིག་གནས་ཀྱི་སྐོར་ལ་ལྟ་རྟོགས་བྱེད་མཁན་གྱི་ཕ་མ་ཇེ་མང་དུ་འགྲོ་བཞིན་ཡོད་ཚོད་འདུག །དེར་མ་ཟད་ཁོང་ཚོས་ཕྲུ་གུར་བཅངས་པའི་རེ་བ་ཡོད་ཚད་ནི་ཕྲུ་གུ་དེའི་རྒྱུགས་འབྲས་ཁོ་ནའི་ཐོག་ཏུ་བཅོལ་ནས་འདུག་ལ། གལ་ཏེ་ཁྱོད་ཀྱི་ཕྲུ་གུའི་རྒྱུགས་འབྲས་ཕུལ་བྱུང་ཞིག་ཡིན་ཚེ་ཁྱིམ་ནང་གི་ནོར་བུ་ཁོ་རང་ཡིན་ལ། སྒོ་ཕྱི་རུ་ངོམ་རྒྱུ་ཡང་ཁོ་རང་ཡིན།
 འོན་ཀྱང་། གལ་སྲིད་ཁོའི་རྒྱུགས་འབྲས་དེ་བཟང་པོ་ཞིག་མིན་ཚེ། སྡིག་རྡུང་དང་། འཕྱ་དམོད། ངོ་བཤུ་སོགས་ཅི་རིགས་པ་བྱེད་ལ། རང་ཉིད་ཀྱིས་ཁ་ཏ་དང་སློབ་གསོ་གང་ཡང་མེད་ཁར་དགེ་རྒན་ལ་ཡང་ངའི་ཕྲུ་གུར་སྡིག་རྡུང་བྱེད་རོགས་ཞེས་བཅོལ་གདམས་བྱས་ནས་སློབ་མའི་སེམས་ཁམས་ལ་རྨ་ཁ་བཟོ་ངེས་པའི་གཏམ་ངན་མང་པོ་སྨྲ་བཞིན་འདུག་པ་ནི་ཧ་ཅང་ཕངས་སེམས་སྐྱེ་འོས་པ་ཞིག་རེད།
གལ་ཏེ་རང་ཉིད་ཀྱི་ཕྲུ་གུ་དེར་མ་འོངས་པར་འོད་སྟོང་འཕྲོ་བའི་མདུན་ལམ་བཟང་པོ་ཞིག་བསྐྲུན་བསམ་ན། ཐོག་མར་ཁྱིམ་ཚང་གི་སློབ་གསོ་ནས་མགོ་བརྩམས་ཏེ་ཕྲུ་གུའི་སེམས་ཁམས་དང་། ཀུན་སྤྱོད་སོགས་ཀྱི་ཐད་ནས་དོ་ཁུར་དང་སྣང་འཇོག་བྱེད་དགོས་ལ། དེ་དག་ནི་རྨང་གཞིའི་སློབ་གསོ་ལ་ངོས་འཛིན་དགོས་པར་སྣང་། 
སློབ་བུ་ཞིག་ལ་མཚོན་ན། གལ་སྲིད་ཁོ་བོར་སེམས་ཁམས་ཀྱི་སློབ་གསོ་ཚད་ལྡན་ཞིག་དང་། ཀུན་སློང་དང་ཀུན་སྤྱོད་མཛེས་སྡུག་ལྡན་པ་ཞིག་ཡོད་ཚེ།  ཁོའི་མ་འོངས་པའི་མདུན་ལམ་རིང་མོའི་ཁྲོད་འོད་སྟོང་འབར་བའི་མི་ཚེ་ཞིག་བསྐྱལ་ཐུབ་རྒྱུ་སྨྲ་མ་དགོས་པ་ཞིག་རེད།   དེ་ཡང་ཁོ་བོར་ཀུན་སྤྱོད་ཚད་དང་ལྡན་པ་ཞིག་ཡོད་ཚེ།  རིག་གནས་སྦྱོང་རྒྱུ་ནི་ཁོས་རང་ཉིད་ཀྱི་འོས་འགན་ནམ་དགོས་མཁོ་ཆེ་བའི་གཅེས་ནོར་ཞིག་ཡིན་པར་ངོས་ཟིན་པའི་ཐོག་ནས་དེ་ལ་བརྩི་མཐོང་དང་། དང་ལེན་བྱེད་ཐུབ་པའི་ནུས་སྟོབས་ཤིག་སྔར་ནས་རྒྱས་ཟིན་པས། དེར་དཀའ་ངལ་ཆེས་ཆེར་འཕྲད་མི་སྲིད་ཅེས་བདག་གིས་ཚིག་ཐག་བཅད་དེ་བཤད་ཕོད་པ་ཞིག་ཡིན། དེ་བས་ཁྱིམ་ཚང་གི་སློབ་གསོ་གཙོ་བོའམ་ཐོག་མ་རིག་གནས་ལས་ཀྱང་གལ་ཆེ་བ་ནི། བསམ་བློའི་བདེ་ཐང་དང་། ཀུན་སྤྱོད་ཀྱི་འཁྱེར་སོའི་ཐད་ཀྱི་སློབ་གསོ་ལ་ཐུག་འདུག་བསམ།

གཉིས་པ། མི་རིགས་ཤིག་གི་མ་འོངས་པའི་སོན་རྩའམ། འབྱུང་འགྱུར་གྱི་རེ་ལྟོས་ཡོད་ཚད་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གི་ལག་མཐིལ་ན་གནས་ནས་ཡོད་པ་ནི་སུས་ཀྱང་མིག་མཐོང་ལག་ཟིན་བྱེད་ཐུབ་པ་ཞིག་རེད། དེ་བས་སློབ་གྲྭས་རིག་གནས་ཀྱི་རྨང་གཞིར་བཟུང་སྟེ། རབ་ན་མི་རིགས་དེ་དང་མ་མཐའ་ཡང་སློབ་མ་ཚོའི་མ་འོངས་པའི་བདེ་སྡུག་ལ་དོ་ཁུར་ནན་པོར་བྱ་རྒྱུ་ནི་སློབ་གྲྭ་དེའམ་དེའི་ལས་འགན་པ་ཚོའི་འོས་འགན་གཙོ་བོ་དེ་མ་ཡིན་ནམ། འོན་ཀྱང་དེ་ལས་ལྡོག་སྟེ། དེང་གི་ང་ཚོའི་སྤྱི་ཚོགས་སུ་སློབ་གྲྭས་སློབ་མའི་སློབ་གསོའམ་རིག་གནས་ཀྱི་སྤུས་ཚད་ཀྱི་ཐད་ལ་དེ་འདྲ་བསམ་གཞིག་དང་དོ་ཁུར་ནན་མོ་བྱེད་ཀྱིན་མེད་པ་ཁ་སྤྱི་ཚོགས་སུ་འཁོར་ནས་རྒྱང་ལྟ་ཞིག་བྱེད་ཡོང་སྐབས་དངོས་སུ་རྟོགས་ཐུབ་པ་ཞིག་ཡིན་འདུག །
 དཔེར་ན། ནོར་ལུག་གི་རྗེས་སུ་རྫི་བོ་ཞིག་ཡོད་པ་ཙམ་གྱིས་འགྲིག་པ་བཞིན། སློབ་ཁང་དང་སློབ་མའི་ལྷན་དུ་དགེ་རྒན་མིང་ཐོགས་པ་ཞིག་ཡོད་ནས་བཟུང་། དགེ་རྒན་དེའི་ཆེད་སྦྱོང་གང་ཡིན་པ་དང་། དགེ་རྒན་སུས་སློབ་ཚན་གང་གི་སློབ་ཁྲིད་བྱས་ན་ད་གཟོད་སློབ་མའི་རིག་གནས་ཀྱི་སྤུས་ཚད་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ་ས་རེད་འདུག་སོགས་ཀྱི་ཐད་དུ་བསམ་གཞིག་རྩ་བ་ཉིད་ནས་བྱེད་ཀྱིན་མི་འདུག་ཟེར་ནའང་མ་འགྲིག་པ་གང་ཡང་མི་འདུག །དགེ་རྒན་ཞིག་ལ་མཚོན་ན་སྐད་ཡིག་གམ་སྦྱང་གཞིའི་སློབ་ཚན་ཚང་མ་བྱང་ཆུབ་པར་ཤེས་མཁན་ཞིག་ཡིན་ན་མི་སྐྱོན་དེ། དེ་ནི་མིན་པར་སུས་ཀྱང་བཤད་ཐུབ་པ་ཞིག་ལོས་ཡིན། གལ་སྲིད་དགེ་རྒན་ཞིག་ཡིན་ནས་བཟུང་།  སློབ་ཚན་གང་ལའང་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་དང་བྱེད་ཆོག་པ་ཞིག་ཡིན་ན།   སློབ་ཆེན་འགྲིམ་སྐབས་སློབ་ཚན་དམིགས་བསལ་བ་ཞིག་ལ་ཆེད་སྦྱང་དང་།   སློབ་མཐར་ཕྱིན་སྐབས་དགེ་ཐོན་ལག་འཁྱེར་དང་ཐོབ་ཐང་དཔང་ཡིག་སོགས་ཀྱི་དགོས་མཁོ་དམིགས་བསལ་ཞིག་འདུག་གམ།

      མདོར་ན་ནམ་ལངས་ནས་མུན་མ་རུབ་ཀྱི་བར་དུ་དགེ་རྒན་རྣམས་སློབ་མའི་རྗེས་སུ་རྒྱུག་ཁུལ་བྱས་ནའང་འདྲ། མ་བྱས་ཀྱང་རུང་སྟེ། མདོར་ན། གཙོ་བོ་སློབ་མ་ཚོར་སྤུས་ཚད་ལྡན་པའི་སློབ་གསོ་ཞིག་སྤྲད་ཐུབ་རྒྱུ་དེ་ལས་གྲངས་ཚད་ཚང་བའི་སློབ་ཐུན་གྱི་གྲངས་ཀ་དེ་གང་ནས་ཡིན། མ་གཞི་ང་མི་ཆུང་ཆུང་ཞིག་གིས་སློབ་གསོ་ཟེར་བའི་ཚིག་ཟབ་མོ་འདིའི་སྐོར་ལ་གླེང་རིན་ཡོད་པ་མ་རེད་ལ། མ་ཟད་འདིའི་ཐད་ལ་མཐོང་རྒྱ་ཐོས་རྒྱ་སོགས་གང་ཡང་མེད་ནའང་།  ང་ལ་ངའི་རྗེས་རབས་པ་ཚོར་དུངས་བའི་སྙིང་དམར་པོ་ཞིག་ཡོད་པས་སེམས་སུ་ན་ཟུག་ཐེབས་པའི་ཚིག་འབྲུ་འགའ་ཞིག་འདིར་མ་བཀོད་ཐབས་མེད་དུ་གྱུར་སོང་།

    མ་ཟད། སློབ་གསོ་དང་ལྷག་བསམ་ཟེར་བའི་མིང་སྐམ་སྙན་མོ་ཞིག་ཁུར་ནས་དོན་དངོས་པོའི་དམིགས་ཡུལ་ནི་སྒོར་མོ་ལས་མེད་པའི་སློབ་གསོའི་སྡེ་ཁག་དག་གི་སློབ་གསོའི་དོ་དམ་འོག །མི་རིགས་དེའི་འབྱུང་འབྱུར་གྱི་ཁ་ཕྱོགས་གང་དུ་གྱུ་ས་རེད་འདུག །སོམས་དང་།

      ངས་གོང་ནས་ཁྱིམ་ཚང་དང་སློབ་གྲྭ་ཞེས་ཟེར་སྐབས་ཁྱིམ་ཚང་དང་སློབ་གྲྭ་བྱེ་བྲག་ཅིག་ལ་ཟེར་གྱིན་མེད་ལ།  ང་ཚོའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱས་ནས་ཡོད།