མ་ཡོན་གྱིས་རང་གི་བུ་ལ་བསྐུར་བའི་འཕྲིན་ཡིག་ཅིག

ངས་བརྗེད་ཐོ་འདི་བྲིས་ནས་ཁྱོད་ལ་བསྐུར་དོན་ནི་ཁྱོད་ཀྱིས་རྩ་དོན་གསུམ་ལ་བརྟེན་ནས་ཤེས་དགོས་པས་ཡིན།

 ༡༽མི་ཚེ་ཡི་དར་རྒུད་ནི་མི་རྟག་པ་སྟེ། སུས་ཀྱང་རང་ཉིད་ཅི་ཙམ་གྱི་བར་དུ་འཚོ་ཐུབ་པ་ནི་མི་ཤེས་པས།བྱ་བ་འགའ་རེ་སྔུན་ཙམ་ནས་བཤད་ན་དགའ།

 ༢༽ང་ནི་ཁྱོད་ཀྱི་ཨ་ཕ་སྟེ། ངས་ཁྱོད་ལ་མ་བཤད་ན། སུ་ཞིག་གིས་ཀྱང་ཁྱོད་ལ་བཤད་མི་སྲིད།

 ༣༽བརྗེད་ཐོ་འདི་རུ་བཀོད་པ་རྣམས་ནི་ངས་ཕམ་ཁའི་ཟུག་རྔུ་ཆེན་པོར་བརྒྱུད་ནས་ཐོབ་པའི་མྱོང་ཚོར་ཡིན་པས།ཁྱོད་ཀྱི་འཚར་ལོངས་ཁྲོད་གྱོང་འཁེལ་གྱི་ལམ་བུ་མང་པོ་ཞིག་ནས་ཕྱིར་ཡོལ་བྱེད་ཐུབ། འོག་ཏུ། ཁྱོད་ཀྱིས་མི་ཚེའི་ནང་ཡིད་ལ་དམ་དུ་ངེས་དགོས་པའི་བྱ་བ་རྣམས་ཡིན་ཏེ།

༡༽ མི་ཞིག་གིས་ཁྱོད་རྩིས་མེད་དུ་བྱས་ཀྱང་དེ་སེམས་སུ་འཛིན་མི་རུང་། ཚེ་འདིར་ཁྱོད་ཀྱི་ཕ་མ་གཉིས་མ་གཏོགས་གཞན་སུ་ལའང་ཁྱོད་ལ་ཡག་པོ་བྱེད་དགོས་པའི་འོས་འགན་མེད།རང་ལ་དྲིན་པའི་མི་དེར་བཀའ་དྲིན་དང་གཅེས་སུ་འཛིན་དགོས།

༢༽ འཇིག་རྟེན་འདིར་ཚབ་བྱེད་མི་ཐུབ་པའི་མི་ནི་གཅིག་ཀྱང་མེད་ལ། ངེས་པར་དུ་རང་ལ་དབང་དགོས་པའི་དངོས་པོ་ཞིག་ཀྱང་མེད།འདི་ཙམ་ཞིག་རྟོགས་སོང་ན། རྗེས་ཕྱོགས་འཇིག་རྟེན་འདི་ལས་ཆེས་དགའ་བ་ཡོད་ཚད་ཤོར་སོང་ན་ཡང་།འདི་ནི་དོན་དག་ཆེ་ཞིག་མ་རེད།

༣༽ མི་ཚེ་ནི་ཡུན་ཐུང་སྟེ། གཅིག་བྱས་ན་དེ་རིང་ད་དུང་ཡང་མི་ཚེ་སྟོང་ཟད་བྱེད་བཞིན་ཡོད་ནའང་ཐང་།རེད་དེ་སང་ཉིན་ཚེ་སྲོག་རང་ཉིད་ལས་རང་དུ་འདས་སོང་བ་ཤེས་སྲིད། དེ་བས། ཚེ་སྲོག་ལ་རྩིས་མཐོང་སྔ་ཙམ་ནས་བྱས་ན།ཁྱོད་ཀྱིས་ལོངས་སུ་སྤྱོད་པའི་ཚེ་སྲོག་ཀྱང་དེ་ཙམ་གྱིས་རིང་། ཚེ་རིང་པོར་རེ་ལྟོས་འཆའ་བ་ལས་སྔུན་ཙམ་ནས་མྱོང་རོལ་བྱས་ན་དེས་དགའ།

༤༽ བརྩེ་དུང་ནི་ཚོར་སྣང་ཞིག་ཡིན་ལ། ཚོར་སྣང་འདི་ནི་དུས་དང་སེམས་བྱུང་ལ་བརྟེན་ནས་འགྱུར་སྲིད།གལ་སྲིད་ཁྱོད་ཀྱིས་བརྩེ་བ་དྭངས་མར་འཇོག་པའི་མི་དེ་ཁྱོད་ལས་བྲལ་སོང་ན། འཚེར་སྣང་མེད་པའི་ངང་ནས་རང་དང་འཚམ་པའི་བརྩེ་བ་དེ་བསྒུག་དགོས་ལ།དུས་དང་བསྟུན་ནས་ནང་སེམས་ལྷོད་ལ་བབས་པར་བྱས་ན་སྐྱོ་བ་ཉུང་དུ་འགྲོ། བརྩེ་དུང་གི་མཛེས་སྡུག་ལ་ཐལ་ཆེ་བའི་ཡིད་སྨོན་མི་བྱ་ཞིང་།འབྲལ་བ་ཡི་སྐྱོ་བ་ལ་སྒྲོག་གིས་མི་བཟོད་པར་ཡང་མི་བྱ།

༥༽ གྲུབ་འབྲས་ཅན་གྱི་མི་མང་པོ་ཞིག་གིས་སློབ་གསོ་མང་པོ་མྱོང་ཐུབ་མེད་ན་ཡང་།དེས་ཁྱོད་ཀྱིས་སློབ་སྦྱོང་ལ་བརྩོན་པ་བྱེད་མི་དགོས་པར་རྒྱལ་ཁ་ཐོབ་ཡོང་བར་མི་བསྟན། ཁྱོད་ཀྱིས་ཤེས་པའི་ཤེས་བྱ་དེ་ནི་ཁྱོད་ལ་དབང་བའི་རྒྱལ་ཁའི་ལམ་དུ་བགྲོད་པར་ཁུར་བའི་མཚོན་ཆ་ལྟ་བུ་ཞིག་ཡིན།མི་ཞིག་ལ་སྙིང་སྟོབས་ལྡན་ན་ལག་སྟོང་གིས་ཁྱིམ་གཞི་ཞིག་སྐྲུན་ཐུབ། འོན་ཀྱང་ལག་ཆ་གང་ཡང་མེད་པས་མིན།ཡིད་ལ་ཞོག

༦༽ ངས་རང་གི་ཚེ་མཇུག་ཁྱོད་ཀྱིས་འགན་འཁུར་དགོས་མི་ཟེར་ལ། ཁྱོད་ཀྱི་ཚེ་མཇུག་ཀྱང་ངས་འགན་འཁུར་མི་སྲིད།ཁྱོད་རང་འཚར་ལོངས་བྱུང་ནས་རང་མགོ་ཐོན་རྗེས་ངའི་འོས་འགན་རྫོགས་ཚར་བ་ཡིན། རྗེས་མར་ཁྱོད་རང་རྐང་ཐང་ལ་འགྲོ་བའམ་ཕེབ་ཁྲི་སྐོར་ནས་འགྲོ་བ་ནི་རང་གིས་འགན་ཁུར་དགོས། 

༧༽ ཁྱོད་ཀྱིས་གཞན་ཁ་དན་ཚིག་ལ་གནས་པར་བྱ་མི་ནུས་མོད་རང་གིས་བྱ་ཆོག་ལ། ཁྱོད་ཀྱིས་གཞན་ལ་ལེགས་པོ་བྱེད་ཆོག་མོད་གཞན་གྱིས་རང་ལ་ལེགས་པོ་བཟོ་བར་རེ་འདོད་བྱེད་མི་རུང་།ཁྱོད་ཀྱིས་གཞན་ལ་སྤྱོད་ཚུལ་ཅི་འདྲ་ཞིག་བཟུང་ན་གཞན་གྱིས་ཀྱང་དེ་ལྟར་བྱེད་ཡོང་བའི་ངེས་པ་མེད།གལ་ཏེ་འདི་ཙམ་ཞིག་མ་ཤེས་ན། དེ་ནི་དགོས་མེད་ཀྱི་སུན་སྣང་འཕེལ་བའི་རྒྱུ་ཙམ་དུ་ཟད། 

༨༽ ངས་ལོ་ངོ་ཉི་ཤུ་རྩ་དྲུག་ལ་རྒྱན་འཛིན་ཉོས་པ་ཡིན། འོན་ཀྱང་ཨང་རིམ་གསུམ་པའི་བྱ་དགའ་ཞིག་ཀྱང་ཐོབ་མ་མྱོང་།དེས་མི་ཞིག་ཕྱུག་པོར་འགྱུར་དགོས་ན་ད་རུང་ལས་དོན་ལ་བརྩོན་པ་བརྒྱག་དགོས་པ་མཚོན་ལ། འཇིག་རྟེན་འདིར་རིན་མེད་ཀྱི་ཟས་ཤིག་མེད་པ་ཡང་གོ་དགོས།

༩༽ གཉེན་ཉེའི་ལས་སྐལ་ནི་ཐེངས་ཤིག་ལས་མེད་ལ། ཚེ་འདིར་འུ་གཉིས་མཉམ་གནས་ཀྱི་དུས་ཡུན་རིང་ཐུང་ཅི་འདྲ་ཡང་།ལྷན་འཛོམས་ཀྱི་སྐལ་བ་ལ་གཅེས་འཛིན་ལྷག་ཏུ་བྱེད་དགོས། ཚེ་ཕྱི་མར། འུ་གཉིས་ཀྱི་དབར་བརྩེ་དུང་ལྡན་མིན་ཇི་ལྟར་ཡང་།བསྐྱར་དུ་འཕྲད་པ་ནི་ཤིན་ཏུ་ནས་ཀྱང་དཀའ།