བརྩེ་དུང་ལ་ཤི་གསོན་བྱེད་འོས་སམ།

༼འཇིག་རྟེན་པ་གང་མང་ཞིག་གིས་བརྩེ་བའི་ལག་ཟུང་དམ་པོར་སྦྲེལ་ཏེ་ཚེ་གཅིག་མཉམ་དུ་སྤྱད་པ་འདི་ཉིད་བརྩེ་དུང་གི་ཡང་རྩེར་འཛིན། འོ་ན་སྟོན་པ་སངས་རྒྱས་ཀྱི་སྤྱན་ལམ་དུ་བརྩེ་དུང་གི་ངོ་བོ་ཅི་འདྲ་ཞིག་ཡིན་ནམ།༽

 འགྲོ་བ་སེམས་ཅན་ཀུན་གྱིས་བརྩེ་དུང་ལ་ཞེན་དུ་འཛིན་པ་སྟེ་ངག་རྒྱུན་གྱི་གཏམ་དུ་ཡང་། ཕན་ཚུན་དུང་བའི་བརྩེ་སེམས་འདིའི།། ངོ་བོ་གང་ཞིག་འཇིག་རྟེན་པ།། དུང་བའི་སེམས་པ་འདི་ཉིད་ཀྱིས།། སྐྱེས་ནས་མ་ཤི་བར་དུ་སྦྲེལ།། ཞེས་པ་ལྟར་ཡིན་ནོ། །

 ངག་རྒྱུན་འདི་ཡོན་རྒྱལ་རབས་ཀྱི་སྙན་ངག་པ་ཡོན་ཧོ་ཝན་གྱི་ཉ་མོ་འཛིན་པ་དང་ཁྲུང་ཁྲུང་ཞེས་པའི་སྙན་ངག་ཏུ་ཡོད། སྐབས་དེར་ཁོ་རང་ཕོ་ཉར་ཆས་སྐབས་ལམ་བར་དུ་བྱ་འཛིན་མཁན་ཞིག་དང་འཕྲད། དེས་རྒྱ་ལ་བརྟེན་ནས་བྱ་འཛིན་ཞིང་ཐོག་མར་བཟུང་བ་དེ་བསད་རྗེས། བྱ་གཞན་པ་ཚོས་དེའི་ཉེ་འཁོར་ན་སྡུག་གི་སྨྲེ་སྔགས་འདོན་བཞིན་ཡུན་རིང་བར་དུ་མི་འབྲལ་བར་མཐར་མཁའ་དབྱིངས་ནས་ཤར་མར་ས་ལ་བརྡབས་ཏེ་རྣམ་ཤེས་གཏོར་བར་བྱེད་ཅེས་ཟེར།

 ཡོན་ཧོ་ཝན་གྱིས་གཏམ་འདི་མཉན་རྗེས་ཡིད་མ་ཆེས་པར་ཁོའི་ལག་ནས་བྱ་རོ་གཉིས་ཉོས་ཏེ། ཆུ་ཀླུང་གི་འགྲམ་ངོགས་སུ་དུར་བཏབ་སྟེ་མིང་ལ་ཁྲུང་ཁྲུང་ཞེས་བཏགས་སོ། །

 གཏམ་རྒྱུད་འདིར་བལྟས་ན། གཞོན་ནུ་མི་ཉུང་བ་ཞིག་གིས་ཐོག་མ་མེད་པའི་དུས་ནས་ཀུན་གྱིས་ཡིད་སྨོན་འཆོར་བའི་བརྩེ་དུང་གི་འབྲས་བུ་དངོས་གནས་དེ་ལྟ་བུའི་མཛེས་སྡུག་ཅིག་ཡིན་ནམ། དོན་དམ་པར་ཤི་གསོན་མཉམ་སྦྲེལ་གྱི་དུང་བ་ཞིག་འཆང་འོས་སམ། མི་གང་མང་ཞིག་དུང་བའི་རྒྱ་མཚོ་རུ་བྱིང་ནས་ཡོད་དམ། སྟོན་པ་དང་འཇིག་རྟེན་པ་གཉིས་ཀྱིས་བརྩེ་དུང་ལ་བཟུང་བའི་ལྟ་ཚུལ་གང་ཞིག་མི་འདྲའོ་ཞེས་འདྲི་ངེས།

 དོན་དངོས་སུ་འཇིག་རྟེན་པའི་སྣང་ངོར། དུང་བ་ནི་ཕན་ཚུན་དམ་པོར་སྦྲེལ་བའམ་མཉམ་གནས་མཉམ་ཤི་བྱེད་པའི་ངེས་ཚིག་ཅིག་ཡིན་ནོ། །

 དེ་ལྟ་མོད་སྟོན་པས་ཕོ་མོའི་བར་གྱི་བརྩེ་དུང་དང་གཉེན་སྒྲིག་བཅས་ལ་མཐའ་གཅིག་ཏུ་སུན་འབྱིན་མི་མཛད། དཔེར་ན། དགེ་བ་འབྱུང་བའི་མདོ་ལས། བཟའ་ཟླ་ཕན་ཚུན་བར་ལ་མགྲོན་ལྟར་བརྩི་བཀུར་ཡོད་དགོས། ཁྱོ་གས་དོན་ལྔ་དང་ལྡན་པའི་སྒོ་ནས་ཆུང་མ་ལ་གུས་བཀུར་དང་། ཆུང་མས་དོན་བཅུ་གསུམ་དང་ལྡན་པའི་སྒོ་ནས་ཁྱོ་གར་བཀུར་བསྟི་བྱེད་དགོས། དེ་ལྟར་ན་ད་གཟོད་ཁྱོ་ཤུག་གཉིས་ཀྱི་སེམས་པའི་བརྩེ་བ་གཅིག་ཏུ་འགྱུར་ཞིང་ཁྱིམ་ཀྱི་ལས་དོན་ཡོད་དགུ་བཀྲ་ཤིས་པར་འགྱུར་རོ་ཞེས་གདམས་ཡོད་པ་རེད།

 དེ་མཚུངས་སུ་སྟོན་པས་ཀྱང་ཐམས་ཅད་ལ་གསལ་འདེབས་ཤིག་མཛད་དེ། བརྩེ་དུང་འདི་མཐར་གཏུགས་ན་འཛིན་པའི་རིགས་ཤིག་རེད། རང་ཉིད་མི་གང་ཞིག་ལ་ཞེན་འཛིན་ཆེས་ཆེར་བྱ་བའི་གནས་སྐབས་སུ་འཕྲལ་གྱི་བདེ་བ་ཅུང་ཟད་ཡོད་པར་ངེས་ཀྱང་མཇུག་མཐར་བདེ་བ་ལས་སྡུག་བསྔལ་གྱིས་ཆེ་བར་གསུངས།

 ཁ་ཅིག་གིས་དེ་ལྟར་མི་སྲིད་དོ་བསམས་ཏེ་བརྩེ་དུང་གི་བདེ་སྐྱིད་ལས་ཡན་ཞིག་མེད་ལ་སྡུག་བསྔལ་གྱི་རིགས་ཤིག་ཡིན་པ་གདོད་ནས་མི་ཤེས། གལ་ཏེ་རང་ལ་བརྩེ་དུང་ཐད་རྒྱུས་མངའ་ཆེན་པོ་མེད་ན་འདི་ལྟ་བུའི་ལྟ་ཚུལ་འབྱུང་བ་སྨོས་མེད་རེད། འོན་ཀྱང་དེར་རྒྱུས་མངའ་ཡོད་མཁན་ཞིག་ལ་མཚོན་ན་བརྩེ་དུང་ལས་སྡུག་བསྔལ་འབྱུང་བར་མྱོང་ཚོར་ཟབ་མོ་ཡོད་ངེས་སོ། །