མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་བུད་མེད་དུས་ཆེན་ལ་གནང་བའི་ཞལ་གདམས།

རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་བོད་གངས་ཅན་གྱི་སྐྱེས་མ་རྣམས་ལ་འདི་ཕྱིར་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ། སྨོན་པ་ཙམ་གྱིས་མི་འོང་། ད་ཕན་ཆད་བོད་ཀྱི་སྐྱེས་མ་ཡོངས་ཀྱིས་ཡིད་ལ་གཟུང་རྒྱུ།

༡༽ ཕྱི་ལ་གདགས་རྒྱུའི་རྒྱན་ཆ་ཉུང་དགོས།

༢༽ ནང་ལ་བཅང་རྒྱུའི་ཡོན་ཏན་མང་དགོས།

༣༽ ལུས་ལ་གཙང་སྦྲ་འཕྲོད་བསྟེན་གཟབ་དགོས།

༤༽ སེམས་ལ་སྤོབས་པ་སྙིང་སྟོབས་བསྐྱེད་དགོས།

དེ་དགོས་པ་རྣམ་བཞི་ཡིན།

 

༡༽ ཚུལ་མིན་གྱི་བརྙས་བཅོས་དང་དུ་མི་ལེན།

༢༽ དགོས་མེད་ཀྱི་ཞུམ་པ་སེམས་ལ་མི་ལེན།

༣༽ བཅོས་མེད་ཀྱི་ནད་ཡམས་ལུས་ལ་མི་ལེན།

༤༽ ཆ་མེད་ཀྱི་འཁྱམ་པོ་པང་དུ་མི་ལེན།

དེ་མི་ལེན་པ་རྣམ་བཞི་ཡིན།

 

༡༽ ལུས་ཀྱི་ན་ཚ་ལ་ངོ་ཚ་རུ་མི་འཛིན།

༢༽ རྡོ་ལྕགས་ཀྱི་རྒྱན་ཆ་ལ་ངོ་མཚར་དུ་མི་འཛིན།

༣༽ རིག་གནས་སློབ་སྦྱོང་ལ་དགོས་མེད་དུ་མི་འཛིན།

དེ་མི་འཛིན་པ་རྣམ་གསུམ་ཡིན།

 

༡༽ བུད་མེད་རྣམས་ནི་མི་རིགས་ཀྱི་ཨ་མ་ཡིན་པས་ལྷག་བསམ་དང་སྙིང་སྟོབས་ཡོད་པ་གལ་ཆེ།

༢༽ ཨ་མ་ནི་དགེ་རྒན་གྱི་ཐོག་མ་ཡིན་པས་ཤེས་རིག་དང་ཕུགས་འདུན་ཡོད་པ་གལ་ཆེ།

༣༽ དགེ་རྒན་གྱི་ཐོག་མ་ནི་མི་ཚེའི་ལམ་སྟོན་ཡིན་པས་བུ་ཕྲུག་རྣམས་ལ་སློབ་སྟོན་དང་དཔེ་སྟོན་བྱེད་ཐུབ་པ་གལ་ཆེ།

དེ་གལ་ཆེ་བ་རྣམ་གསུམ་ཡིན།

 ད་དུང་མང་པོ་ཡོད།