སློབ་མ་བདེ་སྐྱིད་ལགས་ཀྱི་བརྩམས་ཆོས་བདམས་བཀོད།

 30112358796.jpg

རྩོམ་པ་པོ། དམའ་གསུམ་འཛིན་གྲྭ་ལྔ་པའི་སློབ་མ། བདེ་སྐྱིད།

མཛུབ་སྟོན་དགེ་རྒན། སྦྱིན་པ།

 

འབོད་པ་ཐེངས་ཤིག

ས་འཛིན་གནམ་འདེགས་ཀ་བ་འདྲ། །

ཁ་བ་ཅན་གྱི་ཡུལ་གྲུ་ནས། །

ཚེ་སྲོག་མྱུ་གུའི་རྩེ་མོ་འབུས། །

གདོང་དམར་བོད་པའི་སློབ་གྲོགས་ཚོ། །

 

དུས་རབས་གསར་པའི་བགྲོད་ལམ་ནས། །

དབྱངས་གསལ་སོ་བཞི་སློབ་ལ་འབད། །

གངས་ཅན་བོད་མིའི་འོས་འགན་རེད། །

འཛམ་བུ་གླིང་གི་ཡང་རྩེར་འགྲོ། །

 

ལྔ་རིག་འོ་མའི་མཚོ་བཞིན་འཁྱིལ། །

མ་ཡུམ་སློབ་གྲྭའི་གླིང་ག་ནས། །

མཛའ་བརྩེའི་སྲད་བུས་གཅིག་ཏུ་སྦྲེལ། །

ཁ་ཡ་ན་ཟླའི་སློབ་གྲོགས་ཚོ། །

 

ཤེས་བྱའི་འགྲན་རྩོད་རླབས་ལྟར་འཕྱུར། །

དུས་རབས་གསར་པའི་འཛུམ་ཆུང་ཁྲོད། །

བརྡ་སྤྲོད་རིག་པའི་སྒོ་གླེགས་ཕྱེས། །

མཐའ་ཡས་ཤེས་བྱའི་གནས་ལ་གཞོལ། །

 

རིག་པའི་མེ་ལྕེ་རབ་ཏུ་འབར། །

བློ་ལྡན་སློབ་གྲོགས་ཁྱེད་ཅག་ལ། །

སྙིང་ནས་འབོད་པ་ཐེངས་གཅིག་གཏོང་། །

ཨ་མའི་བུ་ཚོས་ཐོས་པར་སྨོན། །

 

བུ་ཕྲུག་ཚོ།

ཕྱུགས་ཟོག་རྗེས་ལ་སྙེག་ནས་མི་ཚེ་འདི་མ་སྟོང་། །

རང་གི་མདུན་ལམ་ཆེད་དུ་སློབ་གླིང་ལ་ཕེབས་རོགས། །

ཤེས་ཡོན་རིག་གནས་སློབ་པའི་གོ་སྐབས་འདི་མ་འདོར། །

རང་གི་ཕ་ཡུལ་ཆེད་དུ་རིག་གནས་ཤིག་སློབས་ཤིག །

 

ལེ་ལོ་རྣམ་གཡེང་དབང་དུ་ངན་ལམ་ལ་མ་འགྲོ། །

རང་གི་མི་ཚེའི་ཆེད་དུ་ཡོན་ཏན་ཞིག་སྦྱོང་རོགས། །

རང་གི་གཤིས་རྒྱུད་འཇོམས་པའི་དུ་ཆང་དེ་མ་སྤྱོད། །

མཐུན་སྒྲིལ་བརྩེ་དུང་ཟབ་མོའི་ལག་ཟུང་དེ་སྲིངས་རོགས། །

 

མི་ཚེའི་རིན་ཐང་ཡོད་པའི་བུ་རབ་ཅིག་བྱས་ཏེ། །

རང་གི་མི་རིགས་འདི་ལ་སེམས་ཁུར་ཞིག་གནང་རོགས། །

རྒྱུད་ལ་ཡོན་ཏན་དབུལ་བའི་མཐོ་སྒང་གི་བུ་མོས། །

ལྷག་བསམ་དཀར་པོས་བཤད་པའི་འབོད་སྐུལ་གྱི་ཚིག་འདི། །

སློབ་གྲོགས་ཚོ་ལ་འབུལ་བའི་སྙིང་གཏམ་ཞིག་ཡིན་ནོ། །

 

ཨ་མ་དྲན་གླུ། 

ཁ་བ་འབབ་ཐེངས་རེ་ལ། །

དྲིན་ཆེན་མ་ལོ་དྲན་བྱུང་། །

འདབ་དྲུག་ཁ་བའི་མེ་ཏོག །

མ་ལོའི་བརྩེ་བ་ཨེ་ཡིན། །

 

ཆུ་སྒྲ་ཐོས་ཐེངས་རེ་ལ། །

རྒྱང་རིང་ཨ་མ་དྲན་བྱུང་། །

ཆུ་ཡི་དབྱངས་རྟ་སྙན་མོ། །

མ་ལོའི་གླུ་སྐད་ཨེ་ཡིན། །

 

མེ་ཏོག་བཞད་ཐེངས་རེ་ལ། །

བྱམས་ལྡན་མ་ལོ་དྲན་བྱུང་། །

ཆུ་སྐྱེས་པད་མ་དཀར་པོ། །

མ་ལོའི་འཛུམ་མདངས་ཨེ་ཡིན། །

 

ཟླ་བ་ཤར་ཐེངས་རེ་ལ། །

སེམས་ཀྱི་མ་ལོ་དྲན་བྱུང་། །

དུང་གི་ཟླ་བ་དཀར་པོ། །

མ་ལོའི་ཞལ་རས་ཨེ་ཡིན། །

 

ཆར་བ་འབབ་ཐེངས་རེ་ལ། །

བརྩེ་ལྡན་མ་ལོ་དྲན་བྱུང་། །

དུས་ཀྱི་སྦྲང་ཆར་ཟིལ་མ། །

མ་ལོའི་སྤྱན་ཆབ་ཨེ་ཡིན། །

 

གཞན་ཡུལ་འགྲིམ་པའི་བུ་མོས། །

རྒྱང་རིང་ས་མཐའ་འདི་ནས། །

བྱམས་ལྡན་མ་ལོ་དྲན་ཏེ། །

གླུ་ཆུང་སྙན་མོ་བླངས་སོ། །

 

འབོད་སྐུལ།

 ཀྱེ་ཀྱེ་གསོན་དང་མ་འོངས་པའི་བདག་པོ། །

གངས་ཅན་ལྗོངས་ཀྱི་ན་ཆུང་གྲོགས་པོ་ཚོ། །

ཤ་ཚའི་སྙིང་གཏམ་གསར་པའི་འབོད་སྐུལ་འདི། །

ཁྱེད་ཚོར་སྤྲིངས་པས་རེ་ཞིག་གསན་པར་མཛོད། །

 

ཨེ་མ་བྱིས་པའི་དུས་ཀྱི་སྐལ་བཟང་འདི། །

རིན་གྱིས་ཉོས་ན་གསེར་གྱི་མི་ཁུག་ཅིང་། །

ཐབས་ཀྱིས་བསླུས་ན་དོན་ལྟར་མི་འཁྱོངས་པས། །

མི་ཚེའི་གོམ་ཁ་དང་པོ་མ་ནོར་ཞིག །

 

ཀྱེ་ཀྱེ་གསོན་དང་གངས་ཕྲུག་གཞོན་ནུ་ཚོ། །

དབྱངས་གསལ་སོ་བཞིའི་རྩ་བ་ལེགས་བཙུགས་ནས། །

གཞན་སྐད་ཡལ་ག་ཁོ་ནར་མི་རེ་བར། །

རྩ་བ་རྩེ་མོའི་རྣམ་བཞག་ཤེས་པར་མཛོད། །

 

དཔེ་ཀློག་ཐན་ཐུན་ཙམ་གྱི་ཡོན་ཏན་གྱིས། །

ང་འོ་སྙམ་པའི་ང་རྒྱལ་མི་སྐྱེ་བར། །

ཤེས་བརྩོན་ཟུང་དུ་སྦྲེལ་ཏེ་རིག་པ་ཀུན། །

ཚུལ་བཞིན་ལེགས་པར་སློབས་ཤིག་བོད་ཀྱི་བུ། །

 

ཕ་མའི་རེ་བ་སྟོང་ཟད་མི་བྱེད་ཅིང་། །

རྒན་གྱིས་ཅི་གསུང་སྙིང་གི་ལྟེ་བ་རུ། །

བཅུག་སྟེ་འབྱུང་འགྱུར་གཡུར་ཟའི་འབྲས་བཟང་ཉིད། །

མངོན་འགྱུར་བྱེད་པར་སྒྲིམས་ཤིག་ཨ་མའི་བུ། །

 

ད་ལྟ་རྟོག་པ་རང་ཡན་སྨྲ་བ་འགས། །

བོད་སྐད་བོད་ཡིག་མཁོ་མེད་ཟེར་བ་ཡི། །

འཆལ་གཏམ་སྣ་ཚོགས་འཕོངས་ཕྱིས་བཞིན་དོར་ཏེ། །

རང་ཚུགས་བརྟན་པོས་མདུན་དུ་སྐྱོད་ཤེས་དགོས། །

 

མུན་སེལ་གྱི་སྒྲོན་མེ།

ཤེས་བྱ་ཡི་བང་མཛོད་ནང་ནས། །

གཞན་ཕན་གྱི་ལྷག་བསམ་དཀར་བའི། །

ཤེས་རབ་ཀྱི་ལང་ཚོ་རྫོགས་པའི། །

དགེ་བ་ཡི་བཤེས་གཉེན་མཆོག་མཇལ། །

 

མཚན་མོ་ཡི་མུན་ནག་ཁྲོད་ནས། །

བུ་མོ་ང་ནག་ཁང་མགོ་འཐོམས། །

མུན་སེལ་གྱི་དུང་ཟླ་དཀར་པོས། །

བུ་མོ་ང་ལམ་སྣ་དྲངས་བྱུང་། །

 

དགུན་ཁ་ཡི་གྲང་ངར་ཁྲོད་ནས། །

བུ་མོ་ང་འཁྱགས་པའི་དུས་སུ། །

གསེར་མདོག་གི་ཉི་མ་གཞོན་ནུ། །

འོད་སྣང་གི་དྲོ་སྐྱིད་སྟེར་བྱུང་། །

 

བརྩེ་ལྡན་གྱི་དགེ་རྒན་ཁྱེད་ནི། །

སློབ་བུ་ངའི་ལམ་སྟོན་མཛད་མཁན། །

མུན་སེལ་གྱི་སྒྲོན་མེའི་འོད་ལམ། །

སྐྱེ་བོ་ཡི་འཚོ་བ་བརྟེན་ས། །

 

དྲིན་ཆེན་གྱི་བཤེས་གཉེན་དམ་པ། །

བུ་མོ་ངའི་ཡིད་ཀྱི་སྒྲོན་མེ། །

 

དུས་རབས་གསར་པའི་སློབ་མ།

ལྔ་རིག་ཤེས་བྱ་འཛོམས་པའི་སློབ་གླིང་ནས། །

སློབ་ལ་བརྩོན་སེམས་མེད་པའི་སློབ་མ་འགའ། །

སེམས་ཀྱི་ཁུར་བོ་ལྗིད་པོ་རྫོགས་མེད་ཁྲོད། །

ལེ་ལོ་རྣམ་གཡེང་དབང་གི་དུས་ཚོད་རྫོགས། །

 

རྒྱ་གྲོང་འཁྱམས་ནས་བྱ་ངན་སྤྱོད་ངན་བསླབ། །

རང་གི་མི་ཚེར་མདུན་ལམ་ཁ་ཕྱོགས་མེད། །

ཅོལ་ཆུང་ཤེས་མེད་མགོ་འཕངས་ཇེ་མཐོ་རེད། །

དྲིན་ཆེན་ཕ་མའི་རེ་བ་རླུང་ལ་བསྐུར། །

 

དགེ་བའི་བཤེས་ཀྱི་བསླབ་བྱ་སྣང་མེད་བཏང་། །

སློབ་མ་འདི་དག་མི་རིགས་ཞབས་འདྲེན་རེད། །

 

ཁྱེད་ཚོའི་རྒྱན།

སྟག་ཤར་ཁྱེད་ཚོའི་རྒྱན་ནི། །

ཆང་དང་དུ་བ་མ་རེད། །

ལ་རྒྱ་མཐུན་སྒྲིལ་ཡོད་ན། །

སྟག་ཤར་ཁྱེད་ཚོའི་རྒྱན་རེད། །

 

སྨན་ཤར་ཁྱེད་ཚོའི་རྒྱན་ནི། །

རང་གི་མཛེས་རྒྱན་མ་རེད། །

ཕ་མར་བྱམས་སྐྱོང་གནང་ན། །

སྨན་ཤར་ཁྱེད་ཚོའི་རྒྱན་རེད། །

 

སློབ་གྲོགས་ཁྱེད་ཚོའི་རྒྱན་ནི། །

དཔའ་དང་སྤོབས་པ་མ་རེད། །

ཤེས་རིག་ཡོན་ཏན་ལྡན་ན། །

སློབ་གྲོགས་ཁྱེད་ཚོའི་རྒྱན་རེད། །

 

བདེན་དོན་འདྲེན་པའི་ཕོ་ཉ།

དུས་རབས་གསར་པའི་སྐྱ་རེངས་ལྷན། །

ཤེས་བྱ་ནོར་བུ་གླིང་ག་ན། །

ཅོལ་ཆུང་བྱིས་པའི་བློ་རྒྱ་རུ། །

ན་ཆུང་ཚགས་པ་གངས་རིའི་རྒྱན། །

 

ཡིད་འགུགས་རྩོམ་རིག་བུ་མོ་ཡིས། །

ཡབ་མེས་ལོ་རྒྱུས་མེ་ལོང་འཚེར། །

རིག་པའི་དོ་ར་མཚར་སྡུག་ལྡན། །

རི་མོའི་སྒྱུར་རྩལ་མིག་ལམ་མངོན། །

 

ལྔ་རིག་མེ་ཏོག་དྲི་བསུང་འཐུལ། །

ལེགས་བཤད་ལྗོན་པའི་རྩ་བ་ཀུན། །

འཆད་རྩོད་རྩོམ་གྱི་ནུས་མཐུ་ཡིས། །

རྙིང་ཆེན་བག་འཁུམས་ལེ་ལོ་གཏོར། །

 

ཁ་བ་ཅན་གྱི་ཞིང་ཁམས་ནས། །

མཁྲེགས་འཛིན་བྱེད་པའི་ན་ཆུང་ལ། །

བདེན་དོན་འདྲེན་པའི་ཕོ་ཉ་ཡིས། །

བློ་གྲོས་སྣང་བ་རྒྱུད་དུ་བསྩལ། །

 

སློབ་དཔོན་ལགས།

སྔོན་མ་ལས་བསགས་ཤིག་གིས་དུས་བཟང་ཕྲད། །

རིག་པའི་གནས་ལ་སློབ་གཉེར་བྱེད་པའི་དུས། །

དགེ་བའི་བཤེས་གཉེན་དམ་པའི་མཛུབ་སྟོན་འོག །

བཅུ་ཕྲག་རིག་པའི་གནས་ལ་སྦྱོང་བ་བྱས། །

 

གཞན་ཕན་ལྷག་བསམ་དཀར་བའི་སློབ་དཔོན་གྱིས། །

མི་གཞི་ལེགས་པོ་ཡོང་བའི་བཀའ་སློབ་གནང་། །

ཤེས་རིག་གཤོག་རྩལ་ངོམ་པའི་སྟོབས་ཤུགས་བྱིན། །

བློ་གྲོས་འོད་སྟོང་འབར་བའི་སློབ་དཔོན་ལགས། །

 

ཉིན་མོའི་དྲོ་སྐྱིད་སྟེར་བའི་ཉི་གཞོན་རེད། །

མཚན་མོའི་མུན་པ་སེལ་བའི་དུང་ཟླ་རེད། །

 

དེང་རབས་ཀྱི་རྒན་གཞོན།

 དཔའ་རྩལ་སྟག་དང་འདྲ་བའི་ཕོ་རྒོད་ཚོ། །

ཁ་ཡག་སྐད་གསང་མཐོ་བའི་ཕོ་རྒོད་ཚོ། །

ཁྱོད་ལ་མཐུན་སྒྲིལ་མེ་ན་ངོ་རེ་ཚ། །

ཕ་སྐད་གཙང་མ་བརྗེད་ན་སྙིང་རེ་རྗེ། །

 

ཚེ་འདི་རྫོགས་ལ་ཉེ་བའི་རྒད་པོ་ཚོ། །

སྒོ་ཟོག་བཤས་རར་མ་རྒྱག་རྒན་པོ་ཚོ། །

ཕྱི་མའི་འགྲོ་ལམ་བསམ་སྟེ་ད་ལྟ་ནས། །

མ་ཎི་ཡིག་དྲུག་འདོན་ན་དགའ་རྒྱུ་རེད། །

 

ཀ་ཁའི་དབྱངས་རྟ་གྱེར་སའི་སློབ་གླིང་ནས། །

འདྲེ་སྐད་བཤད་མཁན་སློབ་བུ་ཁྱུ་གཅིག་ཚོ། །

སེམས་ནས་ལ་རྒྱ་བརྗེད་ན་ངོ་རེ་ཚ། །

རང་སྐད་རིན་ཐང་མི་ཤེས་སྙིང་རེ་རྗེ། །