སློབ་མ་བཀྲ་དབང་ལགས་ཀྱི་བརྩམས་ཆོས་བདམས་བཀོད།

DSC00917.JPG

རྩོམ་པ་པོ། དམའ་གསུམ་འཛིན་གྲྭ་བདུན་པའི་སློབ་མ། བཀྲ་དབང་།

མཛུབ་སྟོན་དགེ་རྒན། བཀྲ་ཤིས་དཔལ་འབར།

 

སློབ་མའི་འགན་འཁྲི།

བློ་གསལ་ཤེས་འདོད་རྒན་ལ་གུས་པའི་སེམས། །

རྣམ་དཔྱོད་རྩལ་དང་མི་བྲལ་བློ་རིག་གྲུང་། །

གཞན་ཕན་ལྷག་བསམ་དཀར་བའི་ཀུན་སྤྱོད་བཅས། །

ང་ཚོ་ཤེས་ལྡན་སློབ་བུའི་འགན་འཁྲི་ཡིན། །


བརྩོན་པ་མི་བཏང་དལ་འགྲོའི་ཆུ་བོ་ལྟར། །

ཉིན་མཚན་རེས་མོས་རྟག་ཏུ་འབད་གྱུར་ན། །

ཆུ་ཐིགས་བསགས་པས་རྒྱ་མཚོ་མཆིས་པ་བཞིན། །

རིང་པོ་མི་ཐོགས་ཐམས་ཅད་མཁྱེན་པར་འགྱུར། །

 

སྣོད་ཀྱི་སྐྱོན་གསུམ་དྲི་མས་མ་གོས་ཤིང་། །

སྒོ་གསུམ་དྲི་དྲུག་མི་ལྡན་རྒན་ལ་བཀུར། །

ཡ་རབས་སྤྱོད་བཟང་ལེགས་པའི་ལམ་དུ་བསྐྱོད། །

ལས་ལ་བརྩོན་པ་སློབ་མའི་འགན་འཁྲི་ཡིན། །

 

ཡོན་ཏན་ཟེའུ་འབྲུ་ལྡན་པའི་སྐྱེད་ཚལ་ནས། །

ཤེས་རབ་རལ་གྲི་བསྣམས་པའི་རིག་གནས་པས། །

བརྗེད་ངས་རྐུན་པོ་སོད་ཅིག་དཔའ་བོ་རྣམས། །

བརྩོན་འགྲུས་མི་ལྷོད་སློབ་མའི་འགན་འཁྲི་ཡིན། །

 

གཞན་སེམས་མི་དཀྲུག་རང་ཚུགས་མི་ཤོར་བའི། །

ཕྱོགས་རེས་དབྱེན་འབྱེད་མེད་པར་གཟུར་བོར་གནས། །

གྲོགས་པོའི་མཛའ་བརྩེ་ཕྱི་ཐག་རིང་བ་ནི། །

ང་ཚོ་གཤིས་བཟང་སློབ་མའི་འགན་འཁྲི་ཡིན། །

 

ལེགས་ཉེས་བླང་དོར་འབྱེད་པའི་བློ་གྲོས་དང་། །

ལེ་ལོ་རྣམ་གཡེང་དབང་དུ་མི་ཤོར་བ། །

རྒྱུན་དུ་རྣམ་དཀར་ལས་ལ་བརྩོན་པ་ནི། །

འུ་ཅག་དེང་གི་སློབ་མའི་འགན་འཁྲི་ཡིན། །

 

ལང་ཚོའི་ལྗང་སྨྱུག

བཅུ་དྲུག་ལང་ཚོའི་མེ་ཏོག་སྒེག་ཉམས་ཤིང་། །

མཚར་སྡུག་ཡིད་འགྱུར་འཕྲོག་པའི་པད་མའམ། །

ཡང་ན་གསར་དུ་འབུས་པའི་ལྗང་སྨྱུག་གམ། །

ཡང་ནས་ཡང་དུ་བསམ་ན་དོགས་པའི་རྒྱུ། །

 

ལང་ཚོ་མི་སྡོད་རི་གཟར་ཆུ་བོ་བཞིན། །

དོན་མེད་ལས་ལ་ཆུད་ཟོས་མི་བཏང་བ། །

རྟག་ཏུ་ལྔ་རིག་གནས་ལ་འབད་གྱུར་ན། །

ལང་ཚོའི་ལྗང་སྨྱུག་གེ་སར་སོ་ཕྲེང་ངོམ། །

 

ཞ་ལུ་འབུས་འདྲའི་ལང་ཚོའི་ལྗང་སྨྱུག་མདངས། །

བལྟས་པ་ཙམ་གྱིས་འདྲེན་བྱེད་མཛེས་མོད་ཀྱང་། །

དེ་བས་ལྷག་ཏུ་རིག་གནས་མ་སྦྱོང་ན། །

འདབ་མེད་ཤིང་སྐོམ་ཅོད་པན་བཏགས་པ་བཞིན། །

 

དུས་ཀྱི་ཅོང་བརྡ་མི་སྡོད་མདའ་མོ་བཞིན། །

ན་ཚོད་ལང་ཚོ་མཛེས་མཛེས་སྐད་ཅིག་རེད། །

འོས་ཤིང་མཚམས་པའི་ལས་ལ་མ་བརྩོན་ན། །

མ་འོངས་སྐྱིད་ཀྱི་བསྐལ་བ་མཐོང་མི་སྲིད། །

 

ལང་ཚོ་ཁ་བའི་མེ་ཏོག་ལྷུབ་ལྷུབ་ཁྲོད། །

འཚོ་བའི་སྐྱེ་རྒ་ན་འཆི་ཆོས་ཉིད་རེད། །

མི་རྟག་ཟང་ཟིང་ཆེ་བའི་འཇིག་རྟེན་ན། །

ལང་ཚོ་མེ་ཏོག་བརྒྱན་ན་ཨེ་མ་ལེགས། །

 

དཔྱིད་དུས་ས་བོན་བརླན་གཤེར་མ་འཛོམས་ན། །

སྟོན་དུས་གཡུར་ཟའི་འབྲས་བུ་རེ་བ་མེད། །

གཞོན་དུས་རིག་པའི་གནས་ལ་མ་སྦྱོང་ན། །

མ་འོངས་མདུན་ལམ་ཕྲ་མོ་མུན་གྱིས་གཡོགས། །

 

ཀ་ཁའི་རྣམ་ཤེས།

ཀ་ཁའི་དབྱངས་གསལ་འབོད་སྐུལ་ངག་ཏུ་གྱེར། །

ཁ་བའི་རྣམ་ཤེས་སྐད་དང་ཡི་གེ་བཅངས། །

གར་སོང་མེས་པོའི་རུས་རྒྱུད་མི་བཙོང་པ། །

ང་རྒྱལ་མེད་པའི་ཕྱིར་དུ་བོད་ཡིག་སྦྱོང་། །

ཅ་ཅོ་ཟང་ཟིང་ཆེ་བའི་སྤྱི་ཚོགས་ཁྲོད། །

ཆ་མེད་མདོ་མེད་ལས་ལ་མི་གཡེང་པར། །

ཇ་ཆང་བཅུད་ལ་མི་རོལ་ལས་ལ་བརྩོན། །

ཉ་མོ་ཆུ་ལ་གནས་ལྟར་འབད་གྱུར་ན། །

ཏ་ལའི་སྡོང་བཞིན་ཡལ་གལ་འདབ་བརྒྱད་རྒྱས། །

ཐ་མའི་རྐུ་དང་རྫུན་ལ་མ་ཞུགས་ན། །

ད་གཟོད་ཀུན་སྤྱོད་མདའ་བཞིན་དྲང་བོ་ཡིན། །

ན་ཆུང་བྱིས་པའི་ལས་ཀ་ཕར་གཡུགས་ནས། །

པ་ཏྲའི་རི་མོ་ལྟ་བུ་རིག་གཞུང་ལ། །

ཕ་ཤུལ་བུ་ཡིས་འཛིན་ལྟར་རིག་གནས་སྦྱོང་། །

བ་གམ་ཅན་གྱི་ཡུམ་བུ་བླ་མཁར་ལ། །

མ་རྩ་སྐྲུན་མཁན་འབངས་མང་རྣམ་ཤེས་འཁོར། །

ཙ་རི་སྤང་རི་གངས་ཅན་བོད་ཀྱི་བརྒྱན། །

ཚ་གྲང་ཁོད་སྙོམས་མཁའ་དབུགས་གཙང་སའི་གནས། །

ཛ་དྲག་བསླུ་བ་མེད་པའི་བོད་ཁམས་སུ། །

ཝ་ལོ་གཡོ་རྫུན་མེད་པའི་ཁྱེད་འཕགས་ལྡན། །

ཞྭ་གོས་ཆ་ལུགས་མི་མཐུན་ཀུན་ལས་རྒྱལ། །

ཟ་མ་མཉམ་སྤྱོད་རི་གཤོང་རྩེད་འཇོ་རོལ། །

འ་འུར་འདུ་འཛི་མེད་པའི་དབེན་པའི་ཡུལ། །

ཡ་རབས་སྤྱོད་བཟང་ཡབ་མེས་གཤིས་བཟང་ཡིན། །

ར་བ་དུང་དང་འདྲ་བའི་གངས་རིས་བསྐོར། །

ལ་ལུང་འབབ་པའི་ཆུ་བོ་དྲི་བསུང་འཐུལ། །

ཤ་རུས་ཁྲག་རྒྱུད་འབྲེལ་བའི་སྤུན་ཟླ་ཚོར། །

ས་ཆ་འདི་ལ་བདག་གཉེར་ཤིན་ཏུ་གལ། །

ཧ་ཅང་བྲིན་པའི་རིག་གཞུང་ཀ་ཁ་སོགས། །

ཨ་ཧོ་མཚར་ལྡན་དབྱངས་གསལ་སོ་བཞི་ལ། །

ཧ་ལ་དུག་དང་མ་སྦྲེལ་མ་བཟང་བུ། །

ཨ་ཕའི་གཅེས་ཕྲུག་ཡིན་ན་སྐད་ཡིག་སློབས། །

 

དོན་དམ་པའི་མི་ཚེ།

དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་ཐོབ་ཅིང་། །

སྐྱེས་ནས་ཕྱོགས་རིས་མེད་པ་འདྲ་མཉམ་ཡབ། །

རིམ་གྱིས་ཡན་ལག་རྫོགས་པའི་གོ་རིམ་ཁྲོད། །

མི་ཚེའི་རིན་ཐང་བྲིན་མིན་ཁྱད་པར་ཆེའོ། །

 

མི་ཚེའི་རིན་ཐང་ཟེར་ཀྱང་སྐད་ཅིག་ཙམ། །

ཚེ་སྲོག་བརྟན་མིན་བཤད་ཀྱང་སྦུ་བ་བཞིན། །

སྐད་ཅིག་ཙམ་དུ་གནས་པའི་སྦུ་བ་དེ། །

ཡ་མ་བརླ་རུ་མ་བཏང་སྐྱེས་བུ་མཆོག །

 

སྲིད་པའི་ཟང་ཟིང་མི་རྟག་གློག་གི་གར། །

ལང་ཚོའི་འཆོར་སྒེག་མི་སྡོད་རི་གཟར་ཆུ། །

དགོས་མེད་ལས་ལ་འབད་པའི་དེང་གི་མི། །

དོན་དམ་མི་ཚེ་གླེང་མཁན་ཅི་ཙམ་མཆིས། །

 

ཕལ་བའི་མི་ང་ལུང་རྟོགས་སྒོམ་སྒྲུབ་དབེན། །

རྣམ་དཀར་ལས་ལ་འབད་འདོད་སེམས་ཡོད་ཀྱང་། །

འབད་པའི་དུས་ཤིག་རྟག་ཏུ་ངལ་བས་ཟད། །

དོན་དམ་མི་ཚེ་ཟེར་ན་ངག་སྒྲོས་རེད། །

 

འཚོ་བའི་མི་ཁོམ་གྲོག་མས་རྒྱུ་གསོག་ལྟར། །

བདེ་བའི་གནས་ལ་འཆའ་མཁན་ཕྱི་ཚུལ་ཙམ། །

མཐོ་བའི་དཔོན་དང་དམའ་བའི་སློང་མོ་བས། །

དཔའ་འབྱོར་འཚོལ་སྒྲུབ་ཆེད་དུ་མི་ཚེ་རྫོགས། །

 

སྲིད་པའི་བདེ་སྡུག་རྩྭ་མགོ་ཟིལ་བ་ལས། །

ཡོད་ཡོད་སྣང་ཡང་འཇིག་པ་ཆོས་ཅན་རེད། །

ནམ་ཡང་མི་འགྱུར་དཀོན་མཆོག་རྩ་གསུམ་ལ། །

སྒོ་གསུམ་གུས་ན་དོན་དམ་མི་ཚེ་རེད། །

 

བརྩོན་འགྲུས།

མུ་མེད་མཐའ་ཡས་ཐང་སྟོང་ཆེན་མོ་ནས། །

བརྩོན་འགྲུས་ཅང་ཤེས་རྟ་ཕོ་ལྕག་གིས་བསྐུལ། །

གཏིང་མེད་རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །

བརྩོན་འགྲུས་དད་དཔོན་ཆེན་པོའི་གྲུ་ལ་བསྐྱོད། །

 

ལག་དང་བསམ་པ་ཕན་ཚུན་ལྷུར་ལེན་ན། །

འཇིག་རྟེན་ཀུན་ལ་མི་འགྲུབ་བྱ་བ་མེད། །

རྒྱུན་ཆགས་བརྩོན་པ་ལག་གིས་མི་བཏང་ན། །

ཆུ་ཡི་ཐིགས་པས་བྲག་རི་འབིགས་ལ་ལྟོས། །


དཔེ་དེབ་ཁྲི་མ་འབུམ་སྟོང་ཀློག་གྱུར་ན། །

སྨྱུག་རྩེ་ལྷ་ཡིས་ཁ་ལོ་སྒྱུར་བ་འདྲ། །

གཞན་གྱི་ཡོན་ཏན་གང་ཡང་ལེན་བྱས་ན། །

རིང་བོར་མི་ཐོག་མཁས་པའི་གོ་འཕང་ཐོབ། །


ངང་ཐུང་འབད་པ་བྱས་ཀྱང་ཚུལ་ཙམ་ལས། །

ཅི་ཡང་མི་ཡོང་ཉི་མ་འགྲོ་ཐབས་རེད། །

བློ་རྩེ་བརྟན་པོ་ལྷུན་པོའི་ངོས་སུ་སྒོམ། །

དེ་ལ་བརྩོན་ན་བློ་རྒྱ་ཆེ་རུ་འགྲོ། །

 

རྒྱལ་ཁ་ཅན་གྱི་མི་ཞིག་བྱ་དགོས་ན། །

ཐོག་མར་སྔོན་དུ་སྡུག་གི་འབྲས་བུ་བཏབ། །

སྡུག་གི་རྔུལ་ཆུས་བརྩོན་འགྲུས་མ་ནུས་པའི། །

ལེགས་འགྲུབ་བྱུང་བའི་གཏམ་ཞིག་ཐོས་མི་སྲིད། །

 

རི་བོང་དང་ནི་རུས་སྦལ་རྒྱུག་འགྲན་ལྟར། །

ང་རྒྱལ་མེད་པའི་ཚུལ་དུ་འབད་པ་ན། །

རུས་སྦལ་རི་བོང་ལས་ཀྱང་མགྱོགས་པ་ནི། །

ང་ཚོ་བརྩོན་འགྲུས་དགོས་པའི་གནས་ལུགས་རེད། །