རྒྱལ་མཆོག་གེར་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པ་བདུད་དགྲ་འདུལ་བའི་གླུ་དབྱངས།

  ནག་པོ་བདུད་ཀྱི་རི་མཚོན་རྩད་ནས་བཅད། །དཀར་ཕྱོགས་བསྟན་པའི་རྒྱལ་དར་དགུང་དུ་བསྒྲེངས། །དྲག་པོ་དགྲ་དཔུང་སྟོངས་དང་འཕྲུལ་གྱིས་བཅོམ། །འཛམ་གླིང་སྐྱེས་བུ་གེ་སར་ཞབས་ལ་འདུད། །ཤར་བདུད་ས་ཐམ་སྲོག་རྩ་ཁྲག་ལ་བསྒྲེས། །ལྷོ་བདུད་ཤིང་ཁྲིའི་དམུ་སྐས་མཚོན་གྱིས་བཅད། །ནུབ་བདུད་ཨ་ཁྱུང་ཡ་ཐོད་མདའ་ཡིས་འཛེར། །བྱང་བདུད་སེར་བོ་ཧོར་ལ་གཉའ་སྒ་སྤྲད། །དགོས་འདོད་རིན་ཆེན་གཏེར་གྱི་སྡོང་བོ་ཆེ། །སྟག་གཟིག་ནོར་གཡང་གླིང་གི་ནོམ་ལ་བླངས། །སོག་ཡུལ་སྟོད་སྨད་བར་གསུམ་དབང་དུ་མཛད། །འདོ་ཆེན་རྟ་ཡི་བང་ཁ་གླིང་ལ་བསུས། །ཨ་གྲགས་བྱེ་རུ་ངར་མ་དཔུང་གིས་བརླགས། །གནང་ལ་གཟི་དང་དང་བྱུ་རུའི་བགོ་སྐལ་བཤམས། །ཕར་དཔུང་ཁ་ཆེ་ཁྲི་བཙན་ཆམ་ལ་ཕབ། །དྲུག་དཀར་གཡུ་ཡི་བགོ་བཤའ་བོད་ལ་བྱས། །བཞི་བརྒྱ་ནག་རིགས་འཇོམས་པའི་གཉེན་པོ་ལ། །མྰ་ལ་ཡ་ནས་སྨན་གྱི་གཏེར་ཆེན་ཕབ། །སྦས་ལུང་ཨ་ལྕགས་ཐང་ནས་ཞང་ཞང་གི། །རིན་ཆེན་མུ་ཏིག་གཏེར་གྱི་ནོར་བགོས་མཛད། །དྲག་པོ་དཔུང་གིས་གྲུ་གུ་ཆམ་ལ་ཕབ། །དར་རྫོང་འབེབ་པར་ལམ་འདྲེ་བྷེ་ར་བཏུལ། །རྨ་བྱ་རྒྱལ་མོ་དག་པའི་ཞིང་དུ་དྲངས། །དར་གཡང་དངོས་སྒྲུབ་གླིང་བས་བདག་ཏུ་བྱས། །བདུད་རྒྱལ་གཞོན་ནུ་དགའ་བོ་མཚོན་ལ་དྲངས། །ལ་དྭགས་ཡུལ་ནས་ཤེལ་གྱི་གཏེར་སྒོ་ཕྱེས། །མཐིང་རྒྱལ་སྟག་རྒོད་རྔམ་བཙན་དམ་ལ་བཏགས། །མཐིང་གི་གཏེར་ཁ་གླིང་རུའི་རྒྱན་དུ་བླངས། །བལ་བོའི་ལུག་གི་གཏེར་གཡང་བོད་ལ་དྲངས། །མེ་གླིང་གསེར་གྱི་དངོས་གྲུབ་བོད་ལ་བསྡུས། །སུམ་པའི་མཛོ་ཡི་གཏེར་སྒོ་བོད་ལ་ཕྱེས། །སྨུག་ཆུང་དྲེལ་གྱི་རྫོང་གཡང་གླིང་ལ་ཕབ། །རྒྱ་གར་ཆོས་གཡང་སྒང་བ་བོད་ལ་བླངས། །རྫུ་འཕྲུལ་སྟོབས་ཀྱིས་རྒྱ་ཡུལ་བདེ་ལ་བཀོད། །རྫོང་ཆེན་བཅོ་བརྒྱད་གེ་སར་འཁོར་དུ་འདུས། །སྙན་པའི་གྲགས་པ་འཛམ་བུ་གླིང་ན་འབར། །བཏབ་པ་ལན་མེད་དགྲ་གེགས་འདུལ་ལ་རྣོ། །ར་རྒོད་འཁྱིལ་ཆེན་བདུད་སྲོག་བཀུམ་ལ་སྐྱེན། །རྐྱང་རྒོད་ཕེར་བོ་བྱ་ལམ་བགྲོད་ལ་མགྱོགས། །སེང་ཆེན་སྐྱེས་བུ་བོད་ཁམས་སྐྱོང་ལ་དཔའ། །སྟེང་ན་དགྲ་ལྷ་ཝེར་མའི་བུ་ཡུག་འཚུབ། །མདུན་ན་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་འཁྲིགས། །མ་དང་མཁའ་འགྲོ་བྱེ་བ་འཁོར་གྱིས་བསྐོར། །གླིང་རྗེ་མི་ཡི་ཉི་མས་བདག་སྐྱོངས་ཤིག། །