མཚམས་སྤྲིན་འོག་གི་དྲན་གདུང་།

དམར་སེར་དགུང་ལ་ལྡང་བའི་མཚམས་སྤྲིན་གྱི་འོག་ནས། །

གདོང་དམར་བོད་པ་ཆགས་པའི་གངས་ལྗོངས་ཀྱི་ཡུལ་ན། །

རྫི་གླུ་དབྱངས་སུ་གྱེར་བའི་མཐོ་སྒང་གི་འབྲོག་མོས། །

སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་ངང་ཚུལ་དེ་དྲན་སོང་། །

 

དྲི་བསུང་གང་སར་འཐུལ་བའི་དགོན་སྡེ་ཡི་དཀྱིལ་ན། །

ནང་ཆོས་རྒྱུད་འཛིན་བྱེད་པའི་སེར་མོ་བའི་ཁྱུ་ཚོགས། །

སྡུག་བསྔལ་སེལ་བར་བྱེད་པའི་ངུར་སྨྲིག་བ་ཅན་པོས། །

སེམས་ཅན་དོན་དུ་སྒྲུབ་པའི་བྱ་སྤྱོད་དག་དྲན་བྱུང་། །

 

ཤེས་རིག་གཏེར་འདོན་བྱེད་སའི་སློབ་གླིང་གི་ནང་རོལ། །

ཀ་ཁའི་དབྱངས་རྟ་གྱེར་བའི་མ་འོངས་པའི་རྒྱུད་འཛིན། །

དེ་ལ་མདུན་ལམ་བསྐྲུན་པའི་ལྷག་བསམ་ཅན་ཁྱུ་གཅིག  །

ས་སྨྱུག་རང་གཤིས་ཅན་གྱི་བཤེས་གཉེན་དག་དྲན་སོང་། །

 

སྤྱན་མིག་ལམ་དུ་གཞལ་དཀའི་མཚམས་སྤྲིན་གྱི་འོག་ནས། །

དྲན་གདུང་ཀློང་དུ་འཐིམས་པའི་པའི་གངས་འདབས་ཀྱི་ན་གཞོན། །

ནུབ་ནས་ནུབ་རུ་བསྐྱོད་པའི་ཉི་ཟེར་ལ་བལྟ་བཞིན། །

མཚམས་སྤྲིན་འོག་གི་དྲན་གདུང་ཡིག་ངོས་སུ་ཕབ་བོ། །

 

ཡིད་འབབ་ཀྱི་གཏན་གྲོགས།

                         རྟོག་སྨྱུག

རྒས་ལ་བཀུར་ཞིང་ཆུང་ལ་བྱམས་པའི་མྱི། །

བློ་ཁོག་ཡངས་ལ་གཤིས་རྒྱུད་དྲང་པའི་མོ། །

དཀར་དམར་ཚོན་གྱིས་མ་ལྷད་རང་བྱུང་ཞལ། །

འདི་དག་འཛོམས་ན་ཚེ་གཅིག་གཏན་གྲོགས་འོས། །

 

ཁ་སྐད་སྦྲགས་མ་ཞལ་ནས་མི་འབྱུང་མཁན། །

ཆ་ལུགས་ཡ་མ་ལུས་སུ་མ་མངོན་པ། །

མེས་པོ་གཙང་དག་ཞིག་གི་རིགས་རྒྱུད་མ། །

བུ་ངའི་ཡིད་འབབ་གཏན་གྲོགས་དགའ་མ་ཡིན། །

 

བརྩེ་བའི་ཡིད་མཐུན་སྙིང་གི་རོགས་དགའ་མ། །

གཞིས་ཁྱིམ་གྲུ་བཞི་དྲོད་ཁོལ་སྟེར་མཁན་མ། །

རྒས་པ་བྱིས་པ་བརྟེན་སའི་མཛངས་མ་ཁྱེད། །

ཚེ་གཅིག་མི་འབྲལ་རོགས་དགའི་དམ་བཅའ་ཡོད། །

           2017,1,26

 

ཡིད་འགུག་མ།

                   ཁམས་རྟོག་སྨྱུག

ས་དགའ་མོ་གཡང་སྡེ་ཕྱུག་མོ་ནས། །

ཡིད་འཕྲོག་གི་སྨན་ཆུང་མཛངས་མ་ཞིག །

ཡུལ་སྐྱིད་པོ་གཡང་གཞུང་སྡེ་དཀྱིལ་ནས། །

བརྗེད་དཀའ་བའི་ཡིད་འཕྲོག་མྱི་མོ་ཞིག །

 

རྒྱུས་མེད་པའི་ཡིད་འཕྲོག་གཞོན་ནུ་མ། །

ཉིན་གཅིག་གི་འབྲེལ་འདྲིས་མེད་ན་ཡང་། །

གདོང་འདྲེན་བྱེད་ལམ་ནས་འཆོར་གྱི་མེད། །

ཁོག་དྲན་པའི་ངོས་ནས་འབོར་གྱི་མེད། །

 

ཕྱུགས་རྐང་བཞི་འཚོ་སྐྱོང་བྱེད་མཁན་ཁྱེད། །

རུས་གཙང་མ་ཞིག་གི་རྒྱུད་པ་རེད། །

ཚེ་གཅིག་གི་ཚེ་རོགས་ཡིན་སོང་ན། །

དབུགས་མ་ཆད་བར་དུ་འབྲལ་འདོད་མེད། །

 

ངེད་ཚང་།

                   ཁམས་རྟོག་སྨྱུག

རྒྱུ་ནོར་རང་འགྲུབ་ཡིན་པའི་འབྱོར་ལྡན་མིན་ཡང་། །

སྐྱིད་སྡུག་མཉམ་རོལ་བྱེད་པའི་བཟའ་མི་ཡིན་ནོ། །

ཤེས་རིག་གཞན་ལས་འཕགས་པའི་མཁས་པ་མིན་རུང་། །

ཕ་སྐད་གཙང་མ་བོར་བའི་ཞབས་འདྲེན་མ་ཡིན། །

 

གཞན་ལས་འགྲན་ཟླ་བྲལ་བའི་སྤོབས་པ་མེད་རུང་། །

དོན་མེད་བརྙས་བཅོས་འཁུར་བའི་བཟའ་མི་མ་ཡིན། །

རྣམ་དཔྱོད་བློ་གསལ་ཅན་གྱི་འཇོན་མི་མིན་རུང་། །

སྲོལ་རྒྱུན་དྭངས་མ་བོར་བའི་བླ་བཙོང་མ་ཡིན། །

 

གཞན་ལས་མཆོག་པའི་སེར་མོའི་རྒྱུད་འཛིན་མེད་རུང་། །

ལས་དང་རྒྱུ་འབྲས་སྲུང་བའི་བཟའ་མི་ཡིན་ནོ། །

མཛེས་ཆོས་འཆོར་སྒེག་ཅན་གྱི་མཛེས་ལྡན་མིན་ཡང་། །

རུས་རྒྱུད་གཙང་མ་ཞིག་གི་རྒྱུད་པ་ཡིན་ནོ། །

 

ངའི་ཡབ་ཡུམ།

                  ཁམས་རྟོག་སྨྱུག

འོད་མེད་སྨག་རུམ་གཤིན་རྗེའི་མྱལ་ཁམས་ནས། །

མནར་གཅོད་མྱོང་བའི་རྣམ་ཤེས་ཕྲ་མོ་འདི། །

ཕྲ་རབ་ལས་གྲུབ་འཇིག་རྟེན་མི་ཡུལ་དུ། །

བགྲོད་ལམ་སྟེར་མཁན་ཡབ་ཡུམ་དྲིན་ཅན་གཉིས། །

 

གོས་མེད་གཅེར་བུ་འཇིག་རྟེན་འགྲིམ་པའི་ཚེ། །

ལྤགས་རྩག་དྲོད་མོས་ལུས་དྲོད་སྟེར་བའི་ཕ། །

ཟས་མེད་ལྟོ་སྟོང་མི་ཡུལ་སླེབས་ཙ་ན། །

ནུ་ཞོ་མངར་མོས་གསོ་སྐྱོང་བྱེད་པའི་མ། །

 

བསམ་མེད་བུ་ལ་འཚོ་བའི་གོམས་གཤིས་བསླབ། །

ནུས་མེད་བུ་ལ་ཕ་མས་མགོན་སྐྱབས་གནང་། །

ཕ་མ་ལས་ལྷག་བདག་ལ་མགོན་མཁན་དཀོན། །

དཀའ་དྲིན་མི་བརྗེད་ཡབ་ཡུམ་དྲིན་མོ་ཆེ། །

                 16ལོའི་ཟླ4ཚེས29ཉིན།