བོད་ཀྱི་སློབ་གསོ་དང་སྤྲུལ་སྐུའི་ལམ་ལུགས།

 གངས་ཅན་བོད་ཀྱི་ཡུལ་འདི་ནི་སྔོན་ཤེས་ཡོན་ཅན་ལ་བརྩི་བཀུར་དང་། དཔེ་ཆ་ལ་མཐོང་ཆེན། སློབ་གྲྭ་འཛུགས་རྒྱུ་གལ་ཆེན་བྱེད་པ་སོགས་མི་རིགས་ཀྱི་རིག་གནས་ཡར་རྒྱས་འགྲོ་བའི་ལས་ལ་གོང་འོག་བར་གསུམ་ཀུན་གྱིས་འབད་པ་ལྷོད་མེད་བྱེད་པའི་མི་རིགས་ཁྱད་པར་ཅན་ཞིག་རེད། དེ་ཡང་ས་སྐྱ་གོང་མ་རྣམ་ལྔ། མར་མི་དྭགས་གསུམ། ཇོ་རྔོག་འབྲམ་གསུམ། རྗེ་ཡབ་སྲས་གསུམ་སོགས་མཁས་སྒྲུབ་ཀྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་ཡོད་ལ། དེ་དག་ནི་བོད་གངས་ཅན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ལུས་སྲོག་ལོངས་སྤྱོད་ཀུན་ལས་ཀྱང་གཅེས་སུ་འཛིན་པའི་ཤེས་ཡོན་པ་རེད། དེ་ནི་སྤྲུལ་སྐུ་ངོས་འཛིན་བྱས་ནས་བྱུང་བ་ཞིག་མ་ཡིན་པར་ཁོང་རྣམ་པའི་རྒྱུད་ཀྱི་གཞན་ལས་ཆེད་དུ་འཕགས་པའི་ཡོན་ཏན་དང་ཀུན་སྤྱོད་ལ་དད་པ་དང་གོང་བཀུར་བྱས་པ་རེད། གཞུང་ཆེན་ཀ་པོད་ལྔ་དང་། ཆེ་ཆུང་རིག་གནས་བཅུ་ཟེར་བ་དེ་དག་ནི། གཡུ་བྱུར་མུ་ཏིག་དང་། གསེར་དངུལ། རྡོ་རྗེ་ཕ་ལམ་སོགས་གང་གིས་ཀྱང་མི་མཚོན་པའི་ནང་ནོར་རྩ་ཆེན་ཞིག་ཏུ་བགྲང་ཡོད། སྐབས་དེར་བླ་མ་ཟེར་བའང་དོན་དུ་དགེ་རྒན་ཞེས་པའི་ཐ་སྙད་འདིའི་གོ་དོན་ལས་ལོགས་སུ་མེད། བླ་མ་ཟེར་བ་འདི་ཤེས་ཡོན་གྱི་ཚད་ཧ་ཅང་མཐོ་ཞིང་། སྒོ་གསུམ་གྱི་སྤྱོད་ལམ་མཆོག་ཏུ་མངའ་བའི་སྐྱེས་བུ་ཞིག་ལ་གོ ། འོན་ཀྱང་སྤྲུལ་སྐུ་ལམ་ལུགས་འདི་བོད་དུ་དར་བ་ནས་བཟུང་བླ་མ་ཞེས་པ་དང་དགེ་རྒན་ཟེར་བའི་ཐ་སྙད་དེ་གཉིས་ཀྱི་གོ་དོན་མི་འདྲ་བ་ཞིག་ཏུ་ལོག་སོང་བ་རེད། དུས་དེ་ནས་བཟུང་རང་རེས་ཤེས་ཡོན་པའི་སྡེ་ལ་མཐོང་ཆེན་དང་གོང་བཀུར་བྱེད་རྒྱུའི་སྲོལ་རྒྱུན་བཟང་པོ་དེ་ནུབ་པའི་མགོ་བརྩམས་ཤིང་། ཤེས་ཡོན་ཡོད་མེད་དང་། ཀུན་སྤྱོད་བཟང་ངན་ལ་མི་ལྟ་བར་སྤྲུལ་སྐུ་ཞེས་པའི་མིང་སྟོང་ཞིག་ལ་རྨོངས་པའི་དད་ཕྱག་འཚལ་བའི་མགོ་བརྩམས་པ་རེད། ད་ལྟ་ནི་ཤེས་ཡོན་ཚད་ཤིན་ཏུ་མཐོ་བའི་དགེ་རྒན་ཆེ་མོ་ཞིག་ཡིན་ཀྱང་དེར་ཕྱག་འཚལ་བའི་འདུན་པ་ཞིག་བོད་མི་སུ་ལའང་ཕལ་ཆེར་སྐྱེས་མི་སྲིད་ལ། ཀ་ཁའི་མགོ་རྔ་ཙམ་ཡང་མི་ཤེས་ཀྱང་། སྤྲུལ་སྐུ་ཞེས་པའི་མིང་སྟོང་ཞིག་ཡོད་ཚེ་དེ་དག་གི་གཅིག་སྐྱག་ཁ་རུ་ལེན་དགོས་ཀྱང་ཐེ་ཚོམ་ཙམ་ཡང་མེད་པ་ནི་ཉུང་ཉུང་མ་རེད།
སྔོན་ཆོད་བླ་མའི་གོ་སར་ཐོབ་དགོས་ཚེ་ཀུན་ལས་ཆེད་དུ་འཕགས་པའི་སྤྱོད་ལམ་དང་ཡོན་ཏན་ཞིག་དགོས་ཀྱི་ཡོད་ཀྱང་། ད་ལྟ་ནི་དབང་དང་རྒྱུ་ཡིས་ཉོ་ཆོག་པ་མ་ཟད། མཚམས་རེར་སྟེས་དབང་གིས་བླ་མའི་གོ་ས་ཐོབ་སྲིད་པ་འདི་འདྲ་རེད། སྤྲུལ་སྐུ་ཟེར་བ་ནི་བསམ་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་དུ་བྱོན་པ་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོད་ལ། བསམ་བཞིན་དུ་བསྟན་འགྲོའི་དོན་དུ་སྐྱེས་བ་བཞེས་པ་ཞིག་ཡིན་ན་དེ་ལ་མི་ཕལ་བ་དང་མི་འདྲ་བའི་ཡོན་ཏན་དང་སྤྱོད་ལམ་ཞིག་ཡོད་དགོས་ལ་བསྟན་དང་འགྲོ་བའི་དོན་རླབས་ཆེན་ཞིག་འཇོག་ནུས་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། དེ་མིན་ལེགས་པའི་ཡོན་ཏན་གང་ཡང་མེད་ཅིང་མིག་དཔེར་རུང་བའི་ལེགས་བྱས་ཅི་ཡང་ངོམ་དུ་མེད་ན་བསམ་བཞིན་དུ་འཇིག་རྟེན་འཁོར་བའི་ནང་དུ་སྐྱེས་བ་བླངས་ནས་བཀོར་ནག་སྡིག་པའི་ས་བོན་བསྐྲུན་དགོས་དོན་ཅི་ཞིག་ཡོད་དེ། ས་ཆེན་པོ་འདི་འཇིག་རྟེན་འཁོར་བ་པས་བཟུང་ཞིང་ཉིན་ལྟར་འདོད་ཆགས་ཞེ་སྡང་གཏི་མུག་གི་འཁོར་ལོ་བསྐོར་བཞིན་ཡོད་ན། སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་ཀྱང་བསམ་བཞིན་དུ་འདིར་ཕེབས་ནས་ང་ཁྱོད་ཕྱོགས་རིས་དང་། རང་རྒྱལ་གཞན་ཕམ་གྱི་ཆོས་འཁོར་བསྐོར་དགོས་དོན་ཅི་ཞིག་ཡོད།

 བསམ་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་ལ་བྱོན་ཞིང་སྐུ་གོང་མའི་རླབས་ཆེན་གྱི་མཛད་པའི་འཕྲོ་སྐྱོང་བའི་སྐྱེས་བུ་དམ་པ་ངོ་མཚར་དང་ལྡན་པ་མང་པོ་ཞིག་བོད་དུ་འཁྲུངས་མྱོང་ཞིང་། དེ་དག་ནི་བླ་མ་གོང་མའི་ཡང་སྲིད་དམ་ཡང་ན་སངས་རྒྱས་བྱང་སེམས་གཞན་གྱི་སྤྲུལ་བ་ཡིན་ཡང་སྲིད་དེ། དེ་རྣམས་ལ་ནི་སྐྱེ་བོ་ཕལ་བ་སྟོང་གིས་འགྲན་ཟླ་མི་ནུས་པའི་ཆེ་བའི་ཡོན་ཏན་དང་ལྡན་པའི་རླབས་ཆེན་གྱི་མཛད་རྗེས་འབའ་ཞིག་བཞག་ཡོད། འོན་ཀྱང་རྗེས་སུ་བླ་མ་ཐམས་ཅད་ལ་ཡང་སྲིད་དགོས་པའི་འདུན་པ་སྐྱེས་ཤིང་། ངོས་འཛིན་བྱེད་སྟངས་ཀྱང་ཟིན་རྟགས་འཕེན་པ་དང་། བླ་མ་ག་གེ་མོའི་ཐུགས་རྟགས་གཟིགས་པ་སོགས་བྱས་པ་འདི་རེད། ལམ་ལུགས་འདི་ལ་བོད་ཀྱི་མཁས་པ་དང་བླ་སྤྲུལ་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་སྔར་ནས་འཛིན་ཟིན་པ་རེད། དཔེ་མཚོན་ཙམ་ཞུ་ན། གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་རོ་སྒྲུང་ནང་གི་ལྷ་བཟོ་ཀུན་དགའ་ཞེས་པའི་སྒྲུང་ལ་དཔེ་བླངས་ནས་ལམ་ལུགས་འདི་ལ་སྐྱོན་བརྗོད་གནང་བ་མ་ཟད། "བླུན་པོ་ཀུན་དགའ"དང་"སྨྱོན་པ་ཀུན་དགའ"ཞེས་མིང་བདགས་ཡོད། དེ་བཞིན་སློབ་དཔོན་ཆེན་མོ་ཚེ་བརྟན་ཞབས་དྲུང་མཆོག་གིས་ཀྱང་སྐུ་སྐྱེ་ལམ་ལུགས་ལ་དཔྱད་པ་ཞེས་པའི་ནང་དགག་བཞག་གནད་སྨིན་མཛད་ཡོད། ཡབ་རྗེ་བླ་མ་བཀའ་འགྱུར་རིན་པོ་ཆེའམ་དགོན་སར་ཆོས་རྗེའི་ཞལ་སྔ་ནས་འདི་སྐད་གསུང་སྟེ། ང་སྐྱེ་བ་ཕྱི་མ་དེ་གལ་སྐྱེ་རང་དབང་ཞིག་ཡོད་ན་གཙང་བཀྲ་ཤིས་ལྷུན་པོ་ལྟ་བུ་གྲྭ་ས་ཆེ་མོ་ཞིག་ན་སློབ་གཉེར་ལ་དགའ་བའི་གྲྭ་བ་དཀྱུས་མ་ཞིག་གི་ལུས་རྟེན་ལེན་རྒྱུ་ཡིན། ཁྱེད་རྣམ་པས་ཀྱང་དེ་ལྟར་ཐུགས་སྨོན་གནང་རོགས། གལ་ཏེ་ངའི་ཡང་སྲིད་ཅེས་པ་ཞིག་ངོས་འཛིན་དགོས་ན་བྱིས་པ་ལོ་གསུམ་མ་ལོན་གོང་ནས་གསང་བ་འདུས་པའི་རྩ་རྒྱུད་བློ་ཐོག་ནས་འདོན་ཤེས་མཁན་ཞིག་མ་བྱུང་ཚེ་ངའི་ཡང་སྲིད་མིན་པའི་རྟགས་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་རྗེ་ལམ་རིམ་རིན་པོ་ཆེ་དང་། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་ཀྱང་རང་གི་ཡང་སྲིད་འཚོལ་མི་དགོས་པའི་བཀའ་གནང་ནས་ལམ་ལུགས་འདི་ལ་ལག་ལེན་ཐོག་ནས་དགག་པ་རྒྱབ་ཡོད་པ་རེད།

  རྗེ་བདག་ཉིད་ཆེན་པོ་མཆོག་གིས་ཀྱང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲི་བདག་པོ་མེད་ཅེས་གསུང་པ་ལས་ངའི་ཡང་སྲིད་དེ་ཟིན་རྟགས་དབྱུག་ཤོག་ཅེས་པའི་གསུང་བྱོན་མེད། དེ་ན་ཡང་སྲིད་ངོས་འཛིན་ཞེས་པའི་ལམ་ལུགས་འདི་མཚམས་འཇོག་བྱེད་པའི་གྲོས་མགོ་ཞིག་བཙུགས་ཏེ། ཨ་མའི་བུ་སུ་ལ་ཡོན་ཏན་དང་ཀུན་སྤྱོད་འཛོམས་ན་དེ་ཉིད་གངས་ཅན་བོད་ཀྱི་ཐུན་མོང་གི་བླ་རུ་བཀུར་བའི་ཆོས་དང་རིག་གཞུང་གི་སློབ་གསོའི་མ་ཡུམ་དུ་གདམས་ན་ཅིའི་ཕྱིར་མི་ཆོག་ཨང་།