ལེགས་ཉེས་བཤད་པ།

      ཉམས་མྱོང་མེད་པ་དང་ཀླད་རྒྱ་ཆུང་ངུ་ལས་མེད་པའི་ལས་བྱེད་པ་ཞིག་ལ་མཚོན་ན། རང་ཉིད་ཀྱི་བྱ་བ་དང་དབང་ཆ་གཞན་ལ་ཤོར་དོགས་ཀྱིས་གཞན་ལ་བསྟུན་མཁས་བྱེད་མི་ཕོད། དེ་བཞིན་བྱ་བའི་ཆེད་དུ་གཞན་ལ་ཡིད་ཆེས་བྱེད་མི་ཕོད། གཞན་གྱི་བྱས་རྗེས་ལ་བསྔགས་བརྗོད་བྱེད་མི་ཕོད། གཞན་གྱི་མཚན་སྙན་ལ་ཉན་པ་དང་གླེང་མོལ་བྱེད་མི་ཕོད། བྱ་བའི་ཆེད་དུ་ལས་རོགས་སོགས་གཞན་ལ་གྲོས་བསྡུར་བྱེད་མི་ཕོད། རང་གིས་གང་སྒྲུབ་པའི་བྱ་བ་དེ་ཡང་དག་པ་དང་བདེན་དྲང་ཡོད་མེད་ཀྱི་སྐོར་གཞན་ལ་འདྲི་མི་ཕོད། གཞན་གྱིས་རང་ལ་སྐྱོན་བརྗོད་བྱས་སྐབས་སྐྱོན་སེལ་བྱེད་པའམ་ཡང་ན་སྐྱོན་ངོས་ལེན་བྱེད་པ་སོགས་མི་ཕོད། དེ་འདྲའི་མི་དེས་མཐར་རང་ཉིད་ཀྱིས་གང་སྒྲུབ་པ་དང་གང་བསམ་པ་ཐམས་ཅད་བདེན་དྲང་གི་ལམ་དུ་འགྲོ་མི་སྲིད། དེ་འདྲ་དེ་ལ་དྲང་བདེན་ཅན་གྱི་མི་སུས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད། བྱ་བ་མཐར་ཕྱིན་མི་སྲིད། ཚད་གཞི་ལྡན་པའི་མི་སུ་དང་མཐུན་སྒྲིལ་མཐའ་འཁྱོངས་ཡོང་མི་སྲིད། རྒྱུས་ཡོད་ཀྱི་མི་སུས་ཀྱང་ཡིད་ཆེས་བྱེད་མི་སྲིད། དང་པོར་རེ་བ་ཆེན་པོ་བྱེད་མཁན་ཚོ་ཡང་མཐར་ཞེན་པ་ལོག་ངེས། གང་དུ་བྱ་བ་ཅི་ཞིག་སྒྲུབ་ན་རྩོད་རྙོགས་ཡོང་ངེས། བདེན་པ་བདར་ན་ཕམ་ངེས། མཐར་རང་ཉིད་ཀྱང་བློ་ཕམ་ཡོང་ངེས། གཉེན་ཉེ་ཚོ་ཡང་ཡིད་ཐང་ཆད་ངེས། དེས་ན་སྤྱི་ཚོགས་འདིའི་ནང་དུ་བྱ་བ་གང་ཞིག་སྒྲུབ་ན། གཞན་ལ་བསྟུན་མཁས་བྱེད་དགོས། གྲོགས་ལ་ཡིད་ཆེས་བྱེད་དགོས། གཞན་གྱི་བྱས་རྗེས་ལ་བསྔགས་བརྗོད་དང་ཡི་རངས་ཞུ་དགོས། གཞན་གྱི་མཚན་སྙན་ལ་མིག་དཔེ་བལྟས་ནས་རང་ཉིད་ཀྱང་ལམ་བཟང་དེར་སྐྱོད་དགོས། བྱ་བའི་ཆེད་དུ་གཞན་ལ་གྲོས་བསྡུར་བྱས་ནས་སྙིགས་དོར་བཅུད་ལེན་བྱེད་དགོས། རང་ཉིད་ཀྱིས་གང་སྒྲུབ་པའི་བྱ་བ་དེ་ཡང་དག་པ་དང་བདེན་དོན་ཡོད་མེད་ལ་བསམ་གཞིག་བྱེད་དགོས། གཞན་གྱིས་རང་ལ་བརྗོད་པའི་སྐྱོན་དེ་རང་ལ་མེད་ན་སྐྱོན་སེལ་བྱེད་དགོས། སྐྱོན་དེ་རང་ལ་ཡོད་ན་ངོས་ལེན་ཞུ་དགོས། གཞན་གྱིས་རང་ལ་ཁ་གཏད་དང་འགྲན་བསྡུར་བྱས་སྐབས་བྲེལ་ཟིང་མི་བྱེད་པར་སེམས་ལྷོད་ལྷོད་བྱེད་དགོས། རིག་པ་སྤྱང་གྲུང་གཉིས་འཛོམས་བྱེད་དགོས། གཞན་གྱིས་རང་ལ་བརྙས་བཅོས་བྱེད་སྐབས་སེམས་ཕམ་མི་བྱེད་པར་སེམས་གཟེངས་སུ་བསྟོད་དགོས། མདོར་ན་རང་ཉིད་ཀྱིས་རང་ལྟ་མཆོག་འཛིན་བྱེད་པ་དང་། གྲོགས་གཞན་ལ་བརྙས་བཅོས་ཆད་གསོད་བྱེད་པ་སོགས་རྒྱང་རིང་དུ་དོར་ནས་རྣམ་དཔྱོད་ཀྱི་གྲོགས་དང་བཅས་པའི་སྒོ་ནས་བདེན་པ་དང་། གནས་ལུགས་ལ་བསམ་གཞིག་བྱེད་པ་འདི་ལ་ངེས་པར་གཟབ་ནན་བྱེད་དགོས། བྱ་བར་ཐག་གཅོད་བྱེད་སྐབས་ཚབ་ཚུབ་མི་བྱེད་པར་ཕུགས་རྒྱང་རིང་པོ་དང་། བློ་འགྱོད་མེད་པ། ཕན་ཚུན་གོ་བརྡ་འཕྲོད་པ། རྩ་བའི་དམིགས་ཡུལ་ལས་མ་བརྒལ་བ། གཞན་ལ་གནོད་དོགས་སོགས་རྩ་དོན་དུ་གཟུང་ནས། ངན་པ་ཚར་ཆོད་པ། བཟང་པོའི་བཟང་གོ་ཆོད་པ། བྱ་བ་ལེགས་འགྲུབ་ཡོང་ཐུབ་པ་ཞིག་ལ་འབད་བརྩོན་བྱེད་དགོས། སྤྱི་དོན་ཡར་བར་དོར་ནས་རང་དོན་རྩ་ཆེར་གཟུང་ན་རང་ཉིད་ཀྱི་འདི་ཕྱི་གཉིས་ཀར་དེ་ལས་ཕུང་ཚབ་ཆེ་བ་མེད་པ་འདི་ཤེས་དགོས། དེ་ལྟར་ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་ཤེས་པ་ཞིག་བྱེད་རྒྱུ་དེ་མི་རུ་སྐྱེས་ནས་མིའི་དོན་གོ་ངོ་མ་དེ་ཡིན། བདེ་བ་བཙལ་མ་ཤེས་ན། དཀའ་ངལ་མེད་ས་ཞིག་གང་ན་ཡོད། དཔལ་འབྱོར་ཡོད། ན་ཚ་མེད། གོ་ས་ཡོད། གཞན་གྱིས་ཆེ་མཐོང་ཡོད་པ་སོགས་ཇི་ལྟར་ཆ་རྐྱེན་འཛོམས་ན་ཡང་ད་དུང་ཡིད་ཚིམས་པ་ཞིག་ཡོང་ཐབས་མེད། དེས་ན་གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། །གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྡུལ་གྱི་གྲོགས། །ཇི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ཞེས་སོགས་གསུང་བ་རེད། བདེ་བ་འཚོལ་ཐབས་ངོ་མ་ནི། རང་སེམས་རང་གི་དབང་དུ་འདུ་བ་དང་། རང་ལ་གང་ཡོད་པའི་ལོངས་སྤྱོད་དེའི་ཡིད་ཚིམས་ཐབས་ལ་འབད་ན་བདེ་བ་ངོ་མ་དེ་རྙེད་ཐུབ། གང་དུ་གནས་ན། སུ་དང་འགྲོགས་ན། གང་དུ་བསྡད་ན། ཡིད་ལྷོད་ལྷོད་ཤིག་ཤིག་འདུག་ཐུབ། སྤྱི་ཚོགས་དང་གྲོགས་ཕན་ཚུན་ལ་སྐྱོན་ཀྱི་རྣམ་པར་བརྟག་ཆེ་སོང་ན། སྐྱོན་ཅན་མ་ཡིན་པ་དང་། གནོད་པ་མི་བྱེད་པའི་སྐྱེས་བུ་ཞིག་རྙེད་དཀའ། དེ་ཐམས་ཅད་ཀྱི་རྩ་བ་རང་སེམས་མ་དག་པ་འདི་ཁོ་ན་ཐུག་ཡོད། དེས་ན་རང་སེམས་རང་གི་དབང་དུ་འདུ་དགོས། རང་སྐྱོན་རང་གིས་ཤེས་དགོས། རང་སྐྱོན་ཤེས་པའི་ཐོག་ནས། སྤྱི་ཕན་གྱི་བསམ་བློ་རྒྱ་བསྐྱེད་ན། དེ་འདྲའི་སྐྱེས་བུ་དེ་གཟུར་གནས་དང་། བྱམས་སེམས་ལྡན་པ། བཟོད་སྒོམས་ཅན་དང་དྲང་བདེན་ལྡན་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་ངེས་སོ། ། ཞེས་སེར་བྱེས་དགེ་བཤེས་དཀོན་མཆོག་ཐོས་བསམ་གྱིས་བྲིས་པ་དགེའོ། །