ལོ་རྒྱུས་འཚོལ་སྟངས་གཞན་ཞིག

         ལོ་རྒྱུས་ཀྱི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་ཁྲོད་ནས་བྱུང་བའི་དཔལ་ཡོན་ཅན་གྱི་ལོ་རྒྱུས་ལྡན་པའི་མི་རིགས་ནི་གྲངས་འབོར་ཉུང་ཉུང་ལས་མ་འདས་སོ། །

 

༢ 

         འདས་ཟིན་པའི་ལོ་རྒྱུས་ཀྱིས་ང་ཚོ་ལ་དཔལ་ཡོན་དང་ལྡན་པའི་བློ་སྒོ་འབྱེད་ཐུབ་དགོས།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་མ་འོངས་པའི་མིའི་རིགས་ཀྱི་བྱ་སྤྱོད་ལ་ཚོད་དཔག་བྱེད་ཐུབ་དགོས།

 

          འཛམ་གླིང་གི་ཡང་ཐོག་རི་བོ་ཧི་མ་ལ་ཡའི་ལྗོངས་སུ་གནས་པའི་གནའ་བོའི་མི་རིགས་འདིས་ལོ་རྒྱུས་ཀྱི་དུས་འགྱུར་ཁྲོད་ནས་དུས་རབས་མང་བོར་ཉར་ཚགས་བྱས་པའི་ཡིག་ཚང་རྙིང་བ་ནི་ལོ་རྒྱུས་ཀྱི་བདེན་དཔང་ངོ་མའོ། །

 

            ལོ་རྒྱུས་ཀྱི་ཁྲོད་ནས་གནད་དོན་མང་བོ་ཞིག་ད་རུང་གསང་བའི་ནང་དུ་ཡོད། གནའ་བོའི་གླེགས་བམ་མང་བོར་དལ་གྱིས་བཀླག་ན་ལོ་རྒྱུས་དངོས་གནས་པའི་གསང་བ་དེ་གཞི་ནས་རྟོགས།

 

 

བོད་ཀྱི་ལོ་རྒྱུས་ཁྲོད་བརྗེད་མི་སྲིད་པའི་ལོ་རྒྱུས་ཀྱི་ཆགས་འཇིག་དང་། བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་སོས་ཐུབ་མེད་པའི་རྨ་ཁ་ཆེན་མོ་དག་བརྗེད་མི་སྲིད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཁོ་ནའོ། །

 

           བོད་བཙན་པོའི་རྒྱལ་རབས་དེ་དལ་གྱིས་ལོ་རྒྱུས་ཀྱི་ཟུར་རེ་རེར་བཀླགས་ན་ཉམས་རྒུད་ཅི་ལྟར་གྱུར་ཚུལ་དང་།  དར་རྒྱས་ཇི་ལྟར་གྱུར་ཚུལ་སོགས་རིམ་བཞིན་ཤེས་ཐུབ་བོ། །

 

           ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཐུན་མོང་གི་ལོ་རྒྱུས་ནང་དུ་ཁྱེར་ནས་ལོ་རྒྱུས་ལ་བལྟ་བ་ཡིན་ན་དེ་ནི་ལོ་རྒྱུས་ལ་ལྟ་སྟངས་ནོར་བ་རེད།   ང་ཚོས་ལོ་རྒྱུས་ལོ་རྒྱུས་ཀྱི་ཚད་དུ་བཞག་ནས་བལྟ་རྒྱུ་ནི་ལོ་རྒྱུས་ཞིབ་འཇུག་པའི་མ་མཐའི་ཆ་རྐྱེན་ཡིན་ནོ། །

 

          ལོ་རྒྱུས་ལ་བལྟ་བ་ནི་མི་ཞིག་གི་མི་ཚེ་ལ་ཞིབ་འཇུག་བྱེད་པ་དང་མཚུངས།  རྒྱལ་རབས་ཤིག་གི་དར་རྒུད་དང་རྒྱལ་འབངས་བར་གྱི་འགལ་རྩོད་མང་བོ་ཞིག་གི་གནད་དོན་དག་ཞིབ་ཏུ་བཀླག་ན་རྒྱལ་བློན་མང་བོ་ཞིག་ལ་ལེ་བདའ་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་སྤྲད་པའི་གནད་དོན་ཞིག་གོ །

 

          ལོ་རྒྱུས་ཀྱི་གླེགས་བམ་གཅིག་གི་ཐོག་ནས་རྒྱལ་རབས་ཧྲིལ་བོར་རྒྱུས་ལོན་བྱུང་རྗེས་གཞི་ནས་ལོ་རྒྱུས་ཀྱི་གླེགས་བམ་མང་བོར་བཀླག་དགོས་པ་ནི་ལོ་རྒྱུས་ལ་ཐོག་མར་འཇུག་པའི་ཆ་རྐྱེན་ཞིག་ཡིན།

 

༡༠

              གནའ་རབས་དང་།  ཉེ་རབས། དེང་རབས་ཀྱི་ལོ་རྒྱུས་ཁྲོད་ཆེས་དོན་སྙིང་ལྡན་པའི་རྙོག་འཛིང་ཆེ་བའི་དུས་དང་། རྙོག་འཛིང་དེར་བྱུང་བའི་མི་སྣ་དང་སྤྱི་ཚོགས་ཀྱི་གནས་བབས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དག་འཚོལ་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་ཡིན།

 

༡༡

      ལོ་རྒྱུས་སྦྱོང་བའི་དམིགས་ཡུལ་ནི་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་ཤ་ཚ་བ་དང་། སེམས་དགའ་བ།  དུང་ཞེན་ཆེ་བར་འགྱུར་བའི་ཆེད་དུ་ཡི་དགོས་པ་ལས།  དེར་རྒོལ་བའི་བྱེད་པའི་ཆེད་དུ་མིན་པ་ངེས་པར་དུ་ཤེས་དགོས།  

 

༡༢

        ལོ་རྒྱུས་ཤེས་མི་ཤེས་ཀྱི་ས་མཚམས་ནི་ལོ་ཚིགས་རེ་དང་མིའི་མིང་རེ་ཤེས་པ་ཙམ་གྱིས་ལོ་རྒྱུས་ཤེས་པའི་གོ་མི་ཆོད། ལོ་རྒྱུས་ཤེས་ན་ལོ་རྒྱུས་རིག་པ་ཤེས་རྒྱུ་ནི་གལ་ཆེ།  སྤྱིར་བཏང་ལོ་རྒྱུས་ཞེས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འདས་པའི་བྱུང་བ་སྔར་བྱུང་མྱོང་བའི་མཛད་དོན་དག་གནད་བསྡུས་ཀྱིས་བཀོད་པའི་རྒྱུས་མངའ་ཡོད་པའི་བྱུང་བ་དེ་ལ་ལོ་རྒྱུས་ཟེར།  ལོ་རྒྱུས་རིག་པ་ཟེར་བ་ནི་ལོ་རྒྱུས་ལ་བལྟ་སྟངས་དང་། ལོ་རྒྱུས་ཞིབ་འཇུག་བྱེད་ཐབས་ཀྱི་རིག་པ་ཞིག་ལ་ཟེར།

 

༡༣ 

ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན་ལོ་རྒྱུས་རིག་པའི་ལྟ་བ་ཟབ་མོ་ཞིག་དང་། བརྟག་དཔྱད་ཞིབ་མོའི་ལུང་རིགས་ཀྱི་བློ་མིག་ཁྱེར་ནས་ལོ་རྒྱུས་རིག་པར་འཇུག་རྒྱུ་ནི་གལ་འགངས་ཆེ་བས་བཙན་པོ་རིམ་བྱུང་སྐབས་ནས་ད་ལྟའི་བར་གྱི་སྤྱི་ཚོགས་དང་། རིག་གནས།  དཔལ་འབྱོར། དམག་དོན།  ཆབ་སྲིད། སྟོབས་ཤུགས། ཡུལ་སྲོལ་གོམས་གཤིས།  མངའ་ཁོངས་དང་། བན་བོན་གྱི་ཆོས་ལུགས་སོགས་རྒྱ་ཁྱོན་ཕྱོགས་ཡོངས་ལ་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཆེའོ། །