ཁོར་ཡུག་སྲུང་སྐྱོབ།

རླུང་ཐེན་ཆུ་ལོག་རྫས་འགྱུར་ཤུགས་རྐྱེན་གྱིས། །

སྔོན་ལྗང་རྩྭ་ཐང་ཉམས་རྒུད་ཆེར་སོང་བས། །

རྒྱ་ཆེའི་ས་གཞི་བྱེ་ཐང་ཅན་འགྱུར་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་ལ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས།

 

ནགས་ཚལ་གཅོད་འབྲེག་ཧ་ཅང་ཐལ་ཆེ་བས། །

ཆུ་ལོག་དང་བཅས་རླུང་ཐེན་ཚོད་མེད་ཀྱིས། །

སྣོད་བཅུད་ཀུན་ལ་གནོད་ཚབས་འབྱུང་བས་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་དུ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས། །

 

རྙེད་དཀའི་རིན་ཆེན་ལ་སོགས་གཏེར་ཁ་རྣམས། །

སྔོག་འདོན་བྱས་པས་ས་བཅུད་དཔལ་གཡང་ཉམས། །

མི་འདོད་སྣ་མང་ཐོག་ཏུ་བབ་འགྱུར་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་ལ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས།

 

བརྩེ་བྲལ་མི་བུས་རྔོན་རྒྱག་ཚོད་མེད་ཀྱིས། །

གྲངས་ཉུང་རི་སྐྱེས་རྩ་བ་དྲུངས་འབྱིན་སོགས། །

ཕྱི་ནང་ཀུན་གྱི་ཕུན་ཚོགས་རྒུད་འགྱུར་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་ལ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས། །

 

སྣ་མང་བཟོ་གྲྭའི་དུད་སྨུག་མཁའ་དབྱིངས་ཁྱབ། །

དེ་ཡིས་གོ་ལ་ཟླུམ་པོར་དྲོད་ཚད་འཕེལ། །

དལ་འབབ་ཆུ་དང་མཚོ་མོ་ཉམས་འགྱུར་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་ལ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས།

 

ཕྱི་ཡི་ཁོར་ཡུག་ཉམས་ནས་འབྲུ་མི་སྨིན། །

ནང་གི་ཁོར་ཡུག་ཉམས་ནས་ནད་མུག་གིས། །

ཚེ་ཐུང་མྱ་ངན་དཔག་མེད་འབྱུང་འགྱུར་ན། །

མ་འོངས་གཞོན་ནུའི་མདུན་ལམ་གང་ལ་གཏད། །

དེ་ཕྱིར་ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས།

 

ཁོར་ཡུག་སྲུང་སྐྱོབ་བསླབ་བྱ་ཀུན་ལ་སྤེལ། །

ཁོར་ཡུག་སྲུང་སྐྱོབ་བྱེད་ན་ཀུན་ལ་ཕན། །

ཁོར་ཡུག་སྲུང་སྐྱོབ་མཛད་བཟང་བདེ་སྐྱིད་རྒྱུ། །

མ་འོངས་གཞོན་ནུ་མདུན་ལམ་ལྡན་པའི་ཕྱིར། །

ཁོར་ཡུག་སྲུང་སྐྱོབ་ལས་ལ་རེམས་པར་མཛོད། །