གནད་ཀྱི་བཀའ་སློབ།

སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཙམ་ཆེ་ན།

འགལ་རྐྱེན་གྱི་གནོན་ཤུགས་དེ་ཙམ་ཆེ།
 
འགལ་རྐྱེན་བར་ཆད་རྩོམ་མཁན།
ཕྱི་ནང་གསང་གསུམ་ལ་ཡོད་རེད།
 
གནད་འགག་གི་སྐབས་སུ་སེམས་བརྟན་དགོས།
ཉེན་ཁའི་སྐབས་སུ་ཐབས་ཚུལ་ལ་མཁས་དགོས།
 
དོན་དག་ཆེ་སར་ཐུག་དུས།
ཁ་ཕྱོགས་ཆེ་སར་བལྟ་དགོས།
 
གཞན་གྱི་སྐད་ཆ་འདྲ་མིན་གྱི་འུར་ལ་མ་ཚུད།
རང་གི་བསམ་བློ་བརྟན་པོས་གནད་ལ་ལྟོས།
 
ཐབས་དང་ཤེས་རབ་ལ་མཁས་ན།
བྱ་བ་དོན་བཟང་ལ་བསྒྱུར་ཐུབ།
 
ཟླ་བ་གཟའ་ཡིས་ཟིན་ནས་ཇི་ལྟར་སྡུག་ཀྱང་།
མི་རྣམས་ཀྱི་མགོ་ཐོག་ནས་འགྲོ་དགོས།
 
ལུས་ངག་གི་རྣམ་འགྱུར་འཇམ་ཤེས་དགོས།
ཁ་ཐོག་གི་སྐད་ཆ་བཤད་ཤེས་དགོས།
 
བྱ་བ་ལ་གོ་རིམ་ཡོད་དགོས།
རྩ་དོན་ལ་འགྱུར་བ་ཡོད་མི་ཉན།
 
རང་གི་ལུས་སྲོག་ལ་གནོད་པ་མ་སྐྱེལ།
ཐོས་བསམ་གྱི་བྱ་བ་འཐུས་ཤོར་མ་གཏོང་།
 
མིག་རྒྱང་རིང་ས་ལ་ལྟོས།
བསམ་བློ་ཆེ་ས་ནས་ཐོང་།
 
ཁ་རྡུང་ཚིག་རྡུང་གིས་ཕན་མི་ཐོགས།
འུར་སྒྲོག་རྡོ་རྒྱག་གིས་དཔའ་མི་ཐོན།
 
རྐྱེན་ངན་གྲོགས་སུ་འགྱུར་མིན།
རང་གི་འདུག་སྟངས་ལ་ཐུག་ཡོད།
 
ཐབས་དང་ཤེས་རབ་གཙོ་བོ་བྱེད་པ་ལས།
ཁ་རྡུང་དང་ཁུ་ཚུར་གཙོ་བོ་བྱེད་མི་ཉན།
 
རབ་ན་རྐྱེན་ངན་གྲོགས་སུ་འགྲོ་ཐུབ་དགོས།
མིན་ནའང་གྱོང་རྒུད་ཀྱི་ལམ་ལ་འཆོར་མི་ཉན།
 
རང་གིས་རང་ལ་ཐབས་ཤེས་མ་ཕུད་ན།
གཞན་གྱིས་ཤ་ཚ་དང་སེར་སྣ་མི་ལྟ་བ་ཤེས་དགོས།
 
༢༠༡༦ལོའི་ཟླ་༩པའི་ཚེས་༢༦ཉིན། གྲོས་འདེབས་སྐྱ་རེངས་དང་པོའི་སྣང་བ་ཞེས་པའི་བསྟན་བཅོས་ཀྱི་འཆད་ཁྲིད་གནང་སྐབས་ཀྱི་བཀའ་སློབ་ཚིག་ཉུང་དུ་བསྡུས་པའོ། །