ཁོར་ཡུག་དང་མི་ཡི་འགྲོ་བ།

དགའ་སྡུག་གི་ཚོར་འདུ་དཔྱིད་ཀའི་གནམ་ངོ་ལྟར་འགྱུར་ལྡོག་སྐྱེན་ཞིང་། ཆགས་སྡང་རྨོངས་གསུམ་གྱི་རྔམ་ཁ་ཆར་སྤྲིན་ཇི་བཞིན་མཐུག་པའི་མི་ཡི་འགྲོ་བ་དག །རྨི་ལམ་ལྟ་བུའི་འཇིག་རྟེན་འདིར། ཇི་སྲིད་འཚོ་བའི་དུས་ཐུང་ཞིག་གི་ནང་མིག་ཆུའི་རྦ་ལ་འཕྱན་ཞིང་འཁྱམས་པའི་ངང་ཚུལ་ལ་བསམ་ན། ཅིས་ཀྱང་ཡ་ང་ཞིང་ཡི་མུག་པ་ཞིག་མ་རེད་དམ། སྤྱི་ཡི་ཆ་ནས་བསམ་ན། སྲོག་ཆགས་ཡོད་དོ་ཅོག་ཐམས་ཅད་ལ་འདྲ་མཚུངས་ཡོད་པའི་འདོད་མོས་གཅིག་པུ་དེ་ནི་བདེ་བ་འབའ་ཞིག་པ་དེ་ཡིན་མོད། ཡིན་ནའང་རྣམ་དཔྱོད་ཕུལ་དུ་བྱུང་ཞིང་ཐབས་ཤེས་ཀྱི་མ་ལག་ཆ་ཚང་བར་གྲགས་པའི་མི་ཡི་རིགས་ཀྱི་ཧ་ལས་པའི་སྒེར་སེམས་དེས། བསམ་ཡུལ་ལས་འདས་པར་འགྲོ་བ་གཞན་དག་ཁམ་ཟས་སུ་ཟ་ཞིང་གོས་སུ་གྱོན། གཡོག་ཏུ་བཀོལ་ཞིང་བྲན་ཏུ་སྤྱོད་པའི་གཏུམ་དྲག་གི་བྱེད་ཐབས་འབའ་ཞིག་བེད་སྤྱོད་བྱས་ཏེ་ས་ཡི་འཇིག་རྟེན་ཁ་ལོ་བསྒྱུར་ཞིང་། སྣོད་བཅུད་ཡོངས་རྫོགས་སྒེར་སྡོམ་བྱས་ཏེ་གཏོར་བརླག་བྱེད་ཀྱིན་པའི་སྣང་ཚུལ་ལ་དཔྱད་ན། ཕུང་རྒུའི་རྩ་བ་དང་། བརླག་རྒུའི་ཁུངས་ནི་སུ་ཞིག་ཡིན་པ་ཡང་ཤེས་སླ་བ་མ་ཡིན་ནམ།

གལ་སྲིད་མི་ཡི་སྒེར་སེམས་འདིར་བསྒྱུར་བཅོས་ཤིག་མ་བྱས་ན། ཁྲག་གི་འཇིག་རྟེན་འདིའི་འགྲོ་བ་ཡོད་དོ་ཅོག་ལ་སོས་དལ་དང་བག་ཕེབས་པའི་འཚོ་བ་ཞིག་གཞར་ཡང་རྙེད་མི་སྲིད་དོ།།
ཆེས་ཞི་བདེ་དང་ལྷིང་འཇགས་ཡིན་པའི་ཁོར་ཡུག་ཅིག་དང་། རང་དབང་གི་འཚོ་བ་ཞིག་འཚོལ་གྱིན་ཉིན་མཚན་མེད་པར་འདུར་གྱིན་ཡོད་ན། ཅི་ཞིག་ལྟར་ཡང་དག་པའི་བློ་མིག་ཅིག་གིས་ལྟ་དགོས་པ་ལས། ཞི་བདེ་དང་རང་དབང་ཟེར་བ་དེ་བོས་ནས་ཡོང་རྒྱུ་ཞིག་ག་ལ་ཡིན། གལ་སྲིད་ཁྱོད་ལ་འཛམ་བུ་གླིང་གི་ལོངས་སྤྱོད་དེ་ཡོད་ན། འཛམ་བུ་གླིང་གི་མི་ཚང་མ་ལྟོགས་ནས་འཆིར་བཅུག་སྟེ། རང་ཉིད་སྐྱིད་པོར་འདུག་བསམ་པའི་འཇིགས་ཡེར་བའི་སྒེར་སེམས་དེ་དང་། ཁྱོད་ལ་འཛམ་བུ་གླིང་གི་ས་གཞི་འདི་དབང་བ་ཡིན་ན། འཛམ་བུ་གླིང་གི་འགྲོ་བ་ཚང་མ་རྩ་མེད་དུ་བཟོ་བར་འདོད་པའི་ཡ་ང་བའི་མངོན་རློམ་ཅན་ནི་ངོ་མ་བཤད་ན་མི་ཡི་རིགས་དག་མ་རེད་དམ།
དེ་ལྟའི་བསམ་སྤྱོད་རྫོབ་པོའི་བར་ནས་ཉམ་ཐག་པའི་འགྲོ་བ་རྣམས་ལ་ཞི་བདེ་ཞིག་ག་འདྲ་བྱས་ནས་ཐོབ་སྲིད།  རོབ་ཀྱིས་བལྟས་ན་འཛམ་བུ་གླིང་གི་མི་མང་ཆེ་བ་སྤྲང་ནས་འགྲོ་བཞིན་ཡོད་ལ། ཉུང་ཤས་ཤིག་གྲ་རྒྱས་པོ་བྱས་ཏེ་འགྲོ་མཁན་དག་ཡིན་ལ། ཕྱུག་ཆེན་དེ་ཚོའི་དཔལ་འབྱོར་ཕོན་ཆེ་བ་དག་དབུལ་པོ་དག་གི་ངལ་རྩོལ་ལས་བྱུང་ཞིང་། གཞན་དག་ནི་དུད་འགྲོ་དག་གི་ཚེ་སྲོག་འཕྲོག་པའི་ཡོང་བབས་དང་། འགྲོ་བ་སྤྱི་ལ་དབང་བའི་མ་ཡུམ་གོ་ལ་གཏོར་བཅོམ་བྱས་པ་ལས་ཡོང་བ་ཞིག་མ་ཡིན་ནམ། ད་དུང་ཁོ་ཚོའི་རྫིག་རྔམ་དོད་པོ་དང་། ཡིན་མདོག་མདོག་གི་ངང་ནས་སྒམ་ཚུགས་ཀྱིས་འགྱིང་ཞིང་། ཐབས་ཤེས་དང་འཇོན་ཐང་གི་བདག་པོ་ཡིན་སྙམ་པའི་ཁེངས་སེམས་ཀྱིས་སྦོས་ནས་ཡོད་མོད། དོན་ངོ་མར་ཁྱོད་ཀྱི་ལག་རྗེས་དང་གཟི་བརྗིད་དེ་ནི་ཡ་ང་བའི་ལག་དམར་ཞིག་གི་བྱ་སྤྱོད་ཅིག་མ་རེད་དམ།
སྔོ་ལྗང་གི་འཇིག་རྟེན་གཏོར་ཞིང་། ཉམ་ཆུང་གི་འགྲོ་བ་དག་ལ་མཁའ་དབུགས་དྭངས་མོ་ཞིག་རྔུབ་ཏུ་མེད་ཅིང་། ཆུ་གཙང་མ་ཞིག་ཀྱང་བཏུང་་དུ་མེད་པར་བཟོས་པས་མ་ཚད།
ཞིབ་དཔྱོད་ཀྱི་བློ་གྲོས་ཀྱིས་ཁྱུག་ཙམ་གཟིགས་དང་། དུག་རྫས་ཀྱི་རྦ་ལ་གཡེང་བའི་ཚེ་སྲོག་ཉམ་ཆུང་དག་གི་འདར་ཚུལ་ལ་ལྟོས་དང་། རྩ་མི་ཚང་ཞིང་སྒལ་ཚིགས་རྨས་པའི་གོ་ལ་འདི་ལ་སོམས་དང་། ཆུ་བོའི་གཏིང་རུམ་ན་འཕྱོ་བཞིན་འཁྱུགས་པ་འདི་དག་ནི་ཉ་མ་ཡིན་པར་དུག་རྫས་ཀྱི་གཡའ་ལོ་ཡིན། ནམ་མཁའི་དཀྱིལ་ནས་འཕུར་གྱིན་སྐྱོད་པའི་འདུ་འགོད་འདི་དག་ཀྱང་འདབ་ཆགས་མ་ཡིན་པར་གད་སྙིགས་ཀྱི་རྫོབ་རོ་རེད།
ད་དུང་ཚང་ཚིང་ནགས་ཀློང་དང་། རྫ་བྲག་གི་ཐེམ་པ། རྩྭ་ཐང་གི་ཁོད། རི་བོའི་སྒང་གཤོང་ཚང་མ་ན། ཤིང་ལོ་བཞིན་ཐོར། ཁ་བ་བཞིན་འབབ། མེ་ཏོག་བཞིན་བཀྲ། རླུང་རྟ་བཞིན་སྤུར་གྱིན་པ་འགྱིག་ཤོག་དང་རྫས་དུད་ཀྱི་དུག་རླངས་ཆར་ལྟར་གཏིབས་པའི་དུས་རབས་འདིར། དབྱར་གྱི་ཚ་བ་ནི་ལྕགས་བསྲེགས་ཀྱི་འོབས་དང་། དགུན་གྱི་གྲང་བ་འཁྱགས་སྒམ་གྱི་སྦུགས་ལས་ཀྱང་ཐུ་བའི་ནམ་ཟླའི་འགྱུར་བས། ས་ཆེན་ཤིག་ཤིག་འགུལ། དྲག་རླུང་འུར་འུར་ལྡང་། རྒྱ་མཚོ་འཁྱོམ་འཁྱོམ་འཁྲུགས།  མེ་རི་ལྷོག་ལྷོག་ཏུ་འབར་བའི་ཆ་མི་མཉམ་པའི་འབྱུང་བཞིའི་གོད་ཆག་གིས་ཚེ་སྲོག་དག་ཁྱུར་མིད་བྱེད་ཀྱིན། སྲོག་ལྡན་དག་འཇིགས་སྔངས་ཀྱི་ཁྲོད་ན་འདར་གྱིན། ཞུམ་གྱིན། ཡི་ཐང་ཆད་ཀྱིན། རེ་བ་ཟད་དེ་ཁྲག་དང་མཆི་མའི་ཀློང་ན་འུ་ཐུག་གིས་འཚོ་བ་འདི་མི་ཡི་འགྲོ་བས་བཞག་པའི་ལག་རྗེས་ནག་པོ་ཞིག་གོ །
ད་དུང་ཁ་འཕྲེད་དུ་དོད་པའི་མི་འདི་དག་ལས་བརྒྱ་ཆ་དགུ་བཅུ་གོ་ལྔ་དང་། ལྷག་པར་དུ་འབྱོར་ཆེན་དེ་དག་གིས་མཐུན་སྒྲིལ་གྱིས་སྲོག་ཤིང་། མཉམ་གནས་ཀྱིས་གཞུང་རྟ་བྱས་ཏེ། རིག་གནས་ཀྱི་མིག་གིས་བལྟ་དགོས། བཟང་སྤྱོད་ཀྱི་སྙིང་ལ་མི་གཤིས་ཀྱི་འཕར་རྩ་ཡོད་དགོས་པ་སྐད་དུ་རྗོད་ཀྱིན། དྲང་བདེན། སྐད་ཡིག །མི་རིགས་སོགས་ཡག་རབས་རྒྱན་རབས་མང་པོ་ཞིག་སྙན་འགྱུར་གྱི་དབྱངས་རྟས་འགུགས་ཀྱིན། ལག་པས་ཡོད་ཚད་འཇོམས། ཁོག་ཏུ་ཡོད་ཚད་མིད་པའི་ཡ་མ་བརླ་འདི་མི་ཡིས་འགན་ཁུར་ཏེ་བསྒྱུར་བཅོས་བྱ་དགོས་ལ། ལྷག་དོན་ཆེ་གཉན་དྲེགས་པའི་རིགས་དག་གིས་དོགས་ཟོན་བྱ་དགོས་རྒྱུ་ཞིག་མ་ཡིན་ནམ།