དགེ་རྒན་དུས་ཆེན་ལ་ཕུལ་བ།

བརྗིད་ལྡན་མེས་པོའི་ལོ་རྒྱུས་ཁོང་དུ་ཆུད།།

ངོ་མཚར་དེང་རབས་ཚན་རྩལ་ཐུགས་ལ་མངའ།།
ཕྱི་ནང་ཤེས་བྱར་སྦྱངས་པ་མི་དམན་པའི།།
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།

ཡབ་མེས་གོང་མའི་བཀའ་དྲིན་སེམས་ལ་ཉར།།
བུ་ཚའི་ལས་དབང་སྐྱ་མོ་ཕྲག་ཏུ་བླངས།།
རིགས་ཀྱི་བདེ་སྡུག་ཟབ་མོ་ཐོད་དུ་བཅིངས།།
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།

ཆེ་འདོད་མིང་ཆེན་སེམས་པ་གཏིང་ནས་དོར།།
ལྷག་བསམ་བཟང་པོས་རིགས་ལ་སྲི་ཞུ་བསྒྲུབ།།
ཡ་རབས་བསླབ་བྱ་མཐོ་དམན་ཀུན་ལ་སྦྱིན།།
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།

རང་འདོད་ཁ་ཕོར་བསམ་བློ་རིང་དུ་གཡུག །
བརྩེ་བའི་སྤྱན་ཟུང་ཡངས་པོ་རྒྱང་ལ་བཞག །
རིགས་ཞེན་དྲག་པོའི་གསོན་དབུགས་གངས་ལ་རྒྱས།།
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།

ཁ་ཁྲལ་ཙམ་གྱི་སློབ་ཁྲིད་རྒྱུད་ནས་ཕྲལ།།
ལྟོ་རྒྱབ་ཙམ་གྱི་སེམས་པ་རྩ་ནས་བཅད།།
དཀའ་སྡུག་ཁྱད་བསད་ཟུངས་ཁྲག་རིགས་ལ་བསྟབས།།
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།

རྙེད་དཀའི་མི་ལུས་ལན་གཅིག་བླངས་པའི་དུས།།
ཡེངས་མེད་བརྩོན་པས་མི་ཚེའི་རིན་ཐང་བླངས།།
སོང་བའི་རྐང་རྗེས་མི་ཡི་ཡུལ་དུ་བཞག །
དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ།།