ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དགེ་རྒན700ཡིས་བོད་ཁུལ་གྱི་རྫོང32ལ་སློབ་གསོའི་རོགས་སྐྱོར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས2017ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་ཀའི་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་ལག་བསྟར་བྱས་པའི་བོད་ཁུལ་དུ་མི་གྲངས་སྟོང་གིས་སློབ་གསོར་རོགས་སྐྱོར་བྱེད་པའི་ལས་ཀའི་ཁྲོད་ཞིང་ཆེན་ཡོངས་ཀྱིས་ཕུལ་བྱུང་དགེ་རྒན700བདམས་གསེས་བྱས་ཏེ་བོད་ཁུལ་གྱི་རྫོང32ལ་སློབ་གསོའི་རོགས་སྐྱོར་བྱེད་སར་མངགས་པ་དང་། བོད་ཁུལ་གྱི་རྫོང་སོ་སོས་ཀྱང་དགེ་རྒན300ནང་ལོགས་ས་ཁུལ་གྱི་དགེ་རྒན་དང་མཉམ་དུ་སློབ་སྦྱོང་བྱ་རྒྱུ་དང་། ནང་ལོགས་ས་ཁུལ་གྱི་སློབ་གྲྭ་སྟོང་ཙམ་གྱིས་ཀྱང་དུས་མཉམ་དུ་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་གཞུང་གཉེར་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་གཉེར་སློབ་གྲྭའི་སློབ་མར་ནོར་སྲིད་ཀྱིས་མ་དངུལ་གཏོང་སྤྲོད་བྱས་ཚད་སྒོར12000ལ་སླེབས་པ་དང་། གཞུང་གཉེར་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཚོར་ནོར་སྲིད་ཀྱིས་མ་དངུལ་འཇོག་ཚད་སྒོར6000སླེབས་པར་ཁག་ཐེག་བྱ་དགོས། ཞིང་ཆེན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་ཐོག་སླེབས་མེད་པའི་གྲོང་ཁྱེར(ཁུལ)དང་། རྫོང་(གྲོང་ཁྱེར། ཆུས)ལ་ཞིང་ཆེན་ཡོངས་སུ་བརྡ་ཁྱབ་གཏང་རྒྱུ་དང་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱ་རྒྱུ་རེད། དུས་མཚུངས་སུ་གྲོང་སྡེ་རེར་བྱིས་པ་ཁང་རེ་ཡོད་པའི་འཆར་གཞི་དེ་མི་རིགས་རང་སྐྱོང་རྫོང་ཡོངས་ལ་ཁེབས་ཐུབ་པ་བྱ་རྒྱུ་དང་། ཞིང་ཆེན་གྱིས་གྲོང་སྡེ་རེར་ཆ་སྙོམས་ཟུར་ཁྲིད་དགེ་རྒན2ཡོད་ཅིང་མི་རེར་ཟླ་བ་རེར་སྒོར2000ཡི་ཚད་གཞི་ལྟར་གསབ་དངུལ་སྤྲད་རྒྱུ་རེད།

འཕེལ་རྒྱས་ཀྱི་གྲུབ་འབྲས་དེའི་དེ་བས་མང་བའི་མང་ཚོགས་ལ་ཕན་ཐོགས་པར་སྐུལ་འདེད་གཏོང་ཆེད། སི་ཁྲོན་ཞིང་ཆེན་གྱིས་ད་དུང་མགྱོགས་མྱུར་ངང་ལས་གཞི་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ནུས་པ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གྲྭ་འཛུགས་པའི་ཆ་རྐྱེན་ལེགས་སུ་བཏང་ནས་ལས་གཞི་ལག་བསྟར་ཇེ་མགྱོགས་གཏོང་བ་དང་། ཡོངས་ཕན་རང་བཞིན་གྱི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་བཏང་ནས་སློབ་གྲྭར་ཞུགས་དཀའ་བ་དང་ཞུགས་རིན་མཐོ་བའི་གནད་དོན་ཐག་གཅོད་ཇེ་མགྱོགས་གཏོང་བ། གྲོང་གསེབ་དགེ་རྒན་གྱི་ལས་དོན་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་རྫོང་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་གྲྭའི་འགོ་གཙོ་དང་དགེ་རྒན་ལས་གནས་སྤོ་རེས་བྱེད་པའི་རྒྱུན་ཚུན་ཅན་དུ་འགྱུར་བའི་ནང་རྐྱེན་འཛུགས་པ།སློབ་གསོའི་དབུལ་སྐྱོར་གནད་སྨིན་གྱི་ཆེད་གཉེར་འཆར་གཞི་དོན་འཁྱོལ་བྱས་ཏེ། ས་ཁུལ་ཆེན་པོ་བཞིའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སྐུལ་འདེད་གཏོང་བ་བཅས་ཡག་པོ་འཛིན་རྒྱུ་རེད། །