​བོད་ཀྱི་རྩོམ་འབྲི་བ་ཚོ་ཚར་མ་གཅོད་རོགས།

 ཕྲན་གྱི་དེབ་གསར《རང་ལམ་རང་འཚོལ》ཞེས་པ་སྒོར་སླེབས་ནས་ཉིན་གཉིས་གསུམ་ཞིག་ལས་མ་འགོར་བར། མི་འགའ་ཞིག་གིས་དེའི་དཔེ་རྫུན་བཙོང་རྒྱུ་ཡོད་ཚུལ་གྱི་བརྡ་ཁྱབ་མངོན་སུམ་དུ་བཀྲམ་ཡོད་པར་ཐོས་པས། ཡིད་ལ་ཚོར་སྣང་འཁྱག་སིབ་བེ་ཞིག་བྱུང་།  

 

སྤྱིར་བཏང་རང་རེ་དག་འཚོ་ཞིང་གནས་པའི་འཇིག་རྟེན་འདི་ན།  གཞན་གྱིས་མངོན་པའི་བཙན་འཛུལ་བྱས་པ་དང་། མི་མངོན་པའི་ཤན་སྟོབས་བྱིན་པ་བཅས་ཕན་ཚུན་འཐབ་པའི་བྱེད་སྦྱོར་གྱིས།  བོད་ཡིག་བོད་སྐད་ནི་ལོ་རྒྱུས་ཀྱི་སྡིངས་ཆ་ནས་རིམ་གྱིས་མར་གཡུག་བཞིན་པའི་ཚུལ་དེ་དཔྱོད་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་རེད། འདི་འདྲའི་དུས་ཀྱི་ཆར།  དབྱངས་གསལ་སོ་བཞིའི་རོ་བཅུད་ལ་ཞེན་པའི་མི་ཁག་ཅིག་ནི་ད་རུང་རང་གི་ཞེན་ཆགས་དེའི་ཕྱི་ཕྱིར་འབྲངས་ཏེ། ཡང་དང་བསྐྱར་དུ་བོད་ཡིག་གི་དེབ་ཆུང་རེ་འབྲི་ཁུལ་བྱས་པ་དེར་བརྗོད་བྱ་ཐུ་མོ་ཅི་ཡང་མེད་དུ་ཆུགས་མོད། རང་སྐད་གསེར་གྱི་ཐག་པ་མི་ཆད་པའི་སླད་དུ་འབད་པའི་ལེགས་བྱས་ཕྲ་མོ་ཙམ་དུ་ནི་ཅིས་ཀྱང་རྩི་རིགས་སྙམ། 

 

འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ།  རྒྱལ་ཁབ་འདིར་གསར་རྩོམ་གྱི་བདག་དབང་ལ་དོན་དམ་པར་སྲུང་སྐྱོབ་བྱེད་པའི་ཁྲིམས་ཤིག་ལར་ནས་མི་དམིགས་པའི་ཁར།  རང་རིགས་སྤུན་ཟླ་འགའ་ཞིག་གིས་ནི། དུས་ནམ་ཡང་བོད་ཀྱི་རྩོམ་འབྲི་བ་ཉམ་ཆུང་ཚོ་ལ་དཔུང་དང་། སྟོབས་དང་། ཤུགས་མེད་པའི་ཁ་སྟབས་ལ་བརྙས་ཏེ།   དཔར་སྐྲུན་གྱི་བདག་དབང་མངོན་སུམ་དུ་འཕྲོག་པའི་སྦྱོར་བ་རྩོམ་པ་འདི་ལས་ཡིད་སྐྱོ་བ་མི་འདུག  

 

ལར་ངེད་ཀྱི་དེབ་ཆུང་འདི་ལྟ་བུ་ནི། གཞུང་གི་ལས་གཞི་སོགས་ལ་འབྲེལ་བ་སྤུ་ཙམ་མེད་པར། “རང་བྲོ་ཁུག་མ་དང་། རང་རྟ་སྒ་བཟུང”བྱས་ཏེ་གྲུབ་པ་ཡིན་པས། སྒོར་སླེབས་ཏེ་འགྲེམ་སྤེལ་གྱི་སྟ་གོན་བྱས་ཙམ་ནས་དཔེ་རྫུན་གྱིས་འཚང་ག་བརྒྱབ་ཡོང་ན། ང་ཚོས་དཔེ་དེབ་ཇི་ལྟར་འགྲེམ་དགོས་པ་རེད། དཔེ་སྐྲུན་འགྲོ་གྲོན་གྱི་མ་རྩ་ཇི་ལྟར་བསྡུ་དགོས་པ་རེད། མ་རྩ་རྡིབ་པའི་ལས་ཀ་དེའི་རྒྱུན་རྗེས་ཕྱོགས་སུ་ཇི་ལྟར་སྐྱོང་དགོས་པ་རེད།  དེ་ལྟར་དེ་ལྟར་བྱས་ན། བོད་ཡིག་གི་དེབ་དཔར་མཁན་རྩ་མེད་དུ་མི་འགྲོའམ།

 

རྩོམ་འབྲི་བ་ཞིག་ལ་མཚོན་ན།  རང་གི་རྔུལ་ཆུས་བྲིས་པའི་བརྩམས་ཆོས་རྣམས་དཔར་སྐྲུན་འགྲེམ་སྤེལ་གྱི་བྱ་བ་ཙམ་ཡང་རང་ལ་ཡག་པོ་ཞིག་མི་དབང་བར། གཞན་གྱིས་མངོན་སུམ་དུ་རྐུ་འཕྲོག་བཅོམ་གསུམ་བྱས་པའི་འོག་ཏུ་ཁུ་སིམ་མེར་སྡོད་དགོས་བྱུང་བའི་བྲོ་བ་ནི་ཉམས་མྱོང་ཅན་ཁོ་ནས་མ་གཏོགས་མི་ཤེས་པ་ཞིག་ཡིན། ལོས་ཡིན་ཏེ། འཇིག་རྟེན་ན་སྐྱེ་བོ་སུའི་དངོས་པོའང་མ་བྱིན་བཞིན་དུ་གཞན་གྱིས་འཕྲོག་ན་ནི། དེའི་བདག་པོས་ཁྲིམས་ལ་གཏུག་པ་དང་། གྱོད་རྒྱག་པ།  ཁ་མཆུ་འཛུགས་པ་སོགས་བྱེད་པ་གཏན་ཁེལ་ནའང་། ལག་ཏུ་སྙུ་གུ་ལས་མེད་པའི་རྩོམ་མཁན་ཉམ་ཆུང་བདག་འདྲ་ལ་ནི་དེ་ལྟའི་དཔུང་དང་སྟོབས་ཅི་ཡང་མེད་པས།  བལྟས་བལྟས་ལ་རང་གི་དངོས་པོ་གཞན་གྱིས་ཁྱེར་བའི་ལྟད་མོར་བལྟ་དགོས་བྱུང་བ་ཐེངས་གཅིག་ཙམ་ག་ལ་ཡིན་ཨང་།  

 

དཔེར་ན། ད་རེས་ཀྱི་དེབ་ཆུང《རང་ལམ་རང་འཚོལ》ཞེས་པ་འདི་ནི། གསའ་རང་འབར་ཁོ་ནར་སྡེབ་ཚོང་བྱས་ཏེ་ཁོས་ཕྱོགས་གང་སར་འགྲེམ་སྤེལ་གྱི་ཁ་དན་བྱས་པ་མ་གཏོགས། གཞན་སུ་ལའང་དེབ་གཅིག་བཙོང་མེད་ན་ཡང་། མངོན་གསལ་དོད་པོས་ཕྲན་གྱི་དེབ་བཙོང་རྒྱུ་ཡོད་རབས་སྨྲ་མཁན་རེ་ཟུང་ཡོད་པར་འདུག་ན།  རྫུན་མ་དཔར་རྒྱུའི་འཆར་གཞི་བཏིང་ཡོད་པ་གཏན་ཁེལ་ཡིན་པ་ལྟ་བུ་རེད།  

 

སྤྱིར་བོད་ཡིག་གི་དཔེ་དེབ་ནི། ལྕགས་དྲར་ཚུད་པའི་རི་དྭགས་བཞིན་འགྲོ་འདུག་གི་བར་སྟོང་ཤིན་ཏུ་དོག་པའི་སྒང་ལ། རྙི་ལས་ཅུང་ཟད་ཐར་བ་རྣམས་ཀྱང“མུ་གེའི་སྟེང་དུ་ཟླ་ལྷག”དང་ཕྲད་དེ། རང་རིགས་སྤུན་ཟླས་བཙན་འཕྲོག་བྱས་པ་དེ་ལས་ཡིད་ཕམ་པ་ཞིག་གཞར་ཡང་མེད་པས། ལག་གཉིས་ཐལ་སྦྱར་གྱིས་ཞུ་དོན་ནི། བོད་རྩོམ་འབྲི་བ་པོ་ཚོའི་དཀའ་ངལ་གྱི་འབྲས་བུར་རྩི་འཇོག་ཅུང་ཟད་བྱས་ཏེ།  བོད་རྩོམ་གྱི་ལྟག་ཆུ་རིམ་གྱིས་གཅོད་པའི་སྦྱོར་བ་དེ་འདྲ་མི་གནང་བར་སྐུ་མཁྱེན། གསུང་མཁྱེན་ཟེར་རྒྱུ་ལས་མེད། གཞན་གྱི་ཐོབ་ཐང་ལ་རྩི་འཇོག་བྱེད་པ་ནི། རང་གི་རྩིས་ཐང་ལ་བདག་པོ་བརྒྱབ་པ་ཡིན་པའི་གནས་ལུགས་ཁྱེད་ཅག་གིས་ཀྱང་མཁྱེན་ངེས་ན་དེ་ལུགས་ཐུགས་ལ་བསྲེལ་བར་ཞུའོ། །