ཤོར་མདའ་ལྟེ་བའི་བཅའ་སྡོད་སློབ་ཆུང་གི་གླིང་སྒྲུང་འགྲན་ཚོགས།

ནང་ཆེན་ཤར་མདའ་ལྟེ་བའི་བཅའ་སྡོད་སློབ་ཆུང་གིས་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ། 

      ནང་ཆེན་རྫོང་ཤོར་མདའ་ལྟེ་བའི་བཅའ་སྡོད་སློབ་ཆུང་གི་གོང་རིམ་པའི་དབུ་ཁྲིད་རྣམས་ཀྱི་ཐུགས་བཀོད་ལྟར།བོད་སྐད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་དགེ་སློབ་རྣམས་ཀྱི་ཟླ་གཅིག་ལྷག་གི་དཀའ་སྤྱད་དང་འབད་བརྩོན་བརྒྱུད་ཅིང་།༢༠༡༧ལོའི་ཟླ་༤་པའི་ཚེས་༡༣་ཉིན་གྱི་ཕྱི་དྲོའི་དུས་ཚོད་ཡོངས་རྫོགས་ཆེད་དུ་མཁོ་སྤྱད་ཅིང་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་དངོས་སུ་སྤེལ་བ་རེད།   ངེད་སློབ་གྲྭས་འདི་ལྟ་བུའི་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བའི་རེ་བ་དང་དམིགས་ཡུལ་ནི།མ་གཞིར་ད་ལྟའི་སྐབས་བོད་སྐད་ཡིག་གི་ལས་དབང་ནི་མལ་སའི་ནང་དུ་ཡུན་རིང་ལྷུང་བའི་ནད་པ་ཞིག་དང་འདྲ་ལ།  ནམ་ཞིག་འཆི་ལམ་དུ་བུད་འགྲོ་བའམ།  ཡང་ན་གསོན་པོར་ལུས་ཡོང་མིན་ནི་ཅི་འདྲའི་བཤད་དཀའ་བའི་ཚོད་དུ་འདུག་ཨང་།  གནས་བབ་འདི་འདྲའི་སྒང་།བོད་མི་རིགས་ཀྱི་སློབ་གྲྭ་ཞིག་དང་བོད་སྐད་ཡིག་གི་དགེ་རྒན་ཞིག་ཡིན་ཕྱིར།བོད་སྐད་ཡིག་གི་འཇིག་ཉེན་ལ་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱེད་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཅི་ལ་མིན།  དེས་ན།  ངེད་སློབ་གྲྭས་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་འདིའི་ཁྲོད་ནས་ གཅིག་ཏུ་སློབ་མའི་ཡི་གེ་འདོན་ཀློག་གི་བྱང་ཆ་མཐོར་འདེགས་གཏོང་བ་དང་། གཉིས་སུ་གེ་སར་དཔའ་བོའི་སྒྲུང་གླུ་ཁྲོད་ཀྱི་ཐུན་མིན་ཁྱད་ཆོས་ཏེ་གཏམ་དཔེ་ལེན་དཔེ་འཇོག་དང་ཁ་སྤོབས་བཤད་སྤོབས་སོགས་ཁ་བྱང་ཁོག་འདྲིས་ཡོང་བར་བྱེད་དེ།  སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་དང་།བསམ་པའི་སྙིང་སྟོབས་ལ་མི་འཇིགས་པའི་གདིང་གཏེར་བ།  གསུམ་དུ་བོད་རང་གི་སྐད་ཡིག་གཙོ་བོར་གྱུར་པའི་དམངས་སྲོལ་རིག་གནས་སོགས་ལ་དགའ་ཞེན་ཡོང་བར་བྱེད་རྒྱུ་ནི་ཐེངས་འདིའི་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བའི་རེ་བ་དང་དམིགས་ཡུལ་ཉག་ཅིག་ཡིན་ལ།  བྱ་འགུལ་འདིའི་ཐོག་མཐའ་བར་གསུམ་ཡོངས་ལ་ཞིབ་ཀྱིས་བལྟ་ཞིང་ལྷོད་ཀྱིས་གཞིག་ནའང་།  རེ་བ་དང་དམིགས་ཡུལ་ཡོད་ཚད་མིའི་བསམ་ཐོག་ཏུ་རྟས་བརྫིས་ཞེས་པའི་དཔེ་རུ་འགྱུར་འདུག་སྙམ་པའི་སྤྲོ་སེམས་ཞིག་འགོག་མེད་དུ་སྙིང་ཁར་འཚང་ཡོང་ངོ་། །

(རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་པར་རིས་འགའ་ཞིག)


2017ལོའི་ཤོར་མདའ་སློབ་གྲྭའི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་སྤེལ།