འཕྲོད་བསྟེན་ལ་གནོད་པའི་སྤྱོད་ལམ་རིགས་ལས་ཆང་རག་འཐུང་བ།

གལ་ཏེ་ཆང་རག་གིས་སྐྱེས་པ་རྣམས་ལ་དགའ་བདེ་ཕྲན་ཙམ་ཐོབ་ཀྱང་སྡུག་བསྔལ་ཡང་སྤྲོད་ཀྱི་ཡོད། ཆང་རག་འཐུང་སྤྱོད་བྱེད་མཁན་གྱི་སྐྱེས་པ་ཚོའི་བཟའ་ཟླ་དང་ཕྲུ་གུ་རྣམས་ཀྱིས་དམིགས་བསལ་གྱི་སྡུག་བསྔལ་ཚད་མེད་མྱོང་གིན་ཡོད།

སྐབས་སྐབས་སུ་ཆང་རག་ཕྲན་བུ་འཐུང་བ་ཙམ་གྱིས་གནོད་མི་སྲིད། འོན་ཀྱང་ཡང་ཡང་གི་ཕྲན་བུ་དེས་ཕོག་ཐུག་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཆང་རག་ཚོད་མེད་དམ་ཚད་ལས་བརྒལ་བ་འཐུང་རྒྱུ་དེ་ནི་འཕྲོད་བསྟེན་གྱི་དཀའ་ངལ་འབྱུང་གཞི་གཙོ་བོ་ཞིག་ཡིན། ཆང་རག་མི་འཐུང་མཁན་ཚོ་ལའང་དཀའ་ངལ་འཕྲད་ཀྱི་ཡོད།

བཟི་ནས་ར་རོ་བའི་རྐྱེན་གྱིས་ཆང་རག་འཐུང་མཁན་གྱི་འཕྲོད་བསྟེན་ལ་གནོད་པ་ལྟ་ཅི་སྨོས། ར་བཟི་བྱེད་པ་དེས་ཁྱིམ་མི་དང་སྤྱི་ཚོགས་ལའང་གནས་ཚུལ་མང་པོའི་ཐོག་ནས་གནོད་སྐྱོན་ཡོང་གི་ཡོད།

ར་བཟི་བའི་སྐབས་རང་ཚོད་མ་ཟིན་པ་དང་། རང་སེམས་སྒམ་པོ་ཡོད་པའི་སྐབས་རང་བརྩིགས་མ་བཟུང་བར་བརྟེན། སྐྱིད་པོ་ཡེ་ནས་མེད་པ་དང་། ཆུད་ཟོས་སུ་ཕྱིན་པ། རྒྱུན་དུ་རང་གི་གཏིང་ནས་བརྩེ་བ་བྱེད་ཡུལ་རྣམས་ལ་དྲག་པོའི་ཐོག་ནས་གནོད་པ་བྱེད་པ་བཅས་གནས་ཚུལ་འདི་དག་ཡོང་གི་ཡོད།

ཕྲུ་གུ་ལྟོགས་པའི་སྐབས་སུ་པཱ་ལགས་ཚོས་སོ་སོའི་ཕྱག་དངུལ་མཐའ་མ་དེ་ཆང་རག་ཐོག་འགྲོ་སོང་བཏང་བ་ག་ཚོད་བྱུང་ཡོད་དམ། ནང་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ་མི་ཞིག་གིས་ཕྱག་དངུལ་ལྷག་འཐོལ་ཕྲན་བུ་བྱ་ཐུབ་པ་དེ་ཆང་རག་ཐོག་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་ན་ཚ་ག་ཚོད་བྱུང་སོང་ངམ།

རང་གི་བརྩེ་བ་བྱེད་ཡུལ་མི་མང་པོར་ཕོག་ཐུག་བྱུང་རྐྱེན་རང་གིས་རང་ལ་ཞེ་འཁོན་བྱས་ཏེ་བརྗེད་ཐབས་ཆང་རག་ཡང་བསྐྱར་འཐུང་སྤྱོད་བྱེད་མཁན་མི་ག་ཚོད་ཡོད་དམ།

ནམ་ཞིག་མི་ཞིག་གིས་ཆང་རག་གིས་ཁོ་པའི་མཐའ་སྐོར་དུ་ཡོད་པ་རྣམས་ཀྱི་འཕྲོད་བསྟེན་དང་། བདེ་སྐྱིད་ལ་གནོད་ཀྱི་ཡོད་པ་དངོས་སུ་ཤེས་རྟོགས་ཐུབ་ཚེ། མི་དེས་ག་རེ་བྱེད་ཐུབ་ཀྱི་ཡོད་དམ།

ཆང་རག་འཐུང་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དཀའ་ངལ་ཡིན་པ་ཇི་བཞིན་དུ་མི་བྱེ་བྲག་ལ་དཀའ་ངལ་དེ་ཙམ་ཆགས་ཀྱི་མེད། དཀའ་ངལ་འདི་དག་ངོས་འཛིན་བྱེད་མཁན་སྤྱི་ཚོགས་ཤིག་ནས་བསྒྱུར་བཅོས་གཏོང་འདོད་ཡོད་མཁན་ཚོར་སེམས་ཤུགས་སྤེལ་རྒྱུའི་ལས་ཀ་མང་པོ་བྱེད་ཐུབ། གལ་ཏེ་ཁྱེད་རང་ལ་སྤྱི་ཚོགས་ནང་ཆང་རག་བེད་སྤྱོད་ལོག་པར་བྱེད་པ་དེར་སེམས་ཁྲལ་ཡོད་ན། དཀའ་ངལ་འདི་དག་གྲོས་བསྡུར་བྱ་རྒྱུ་དང་ཐབས་ཤེས་ཀྱི་ཐོག་ནས་ཐག་གཅོད་ཡོང་ཐབས་སུ་ཚོགས་འདུ་འདྲ་གོ་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན།