དུས་ཆེན་བཞི་འཛོམས་ཀྱི་ས་ག་ཟླ་བའི་ངོ་སྤྲོད།

དེ་ཡང་ཕུག་ལུགས་རྗེས་འབྲང་སོགས་མཁས་པ་མང་པོས། ཚེས་བཅོ་ལྔ་ལ་བདག་ཅག་གི་སྟོན་པ་སངས་རྒྱས་པ་དང་མྱ་ངན་ལས་འདས་པ། ཚེས་བདུན་ལ་སྐུ་འཁྲུངས་པས་ཟླ་བ་འདི་ལ་དུས་ཆེན་སུམ་འཛོམས་ཞེས་གསུངས། རང་ལུགས་ཀུན་མཁྱེན་པདྨ་དཀར་པོ་དང་བོད་མཁས་པ་དགེ་ལེགས་རྣམ་རྒྱལ་སོགས་ཀྱིས་དུས་ཆེན་བཞི་འཛོམས་ཡིན། དེ་ཡང་ཚེས་བཅོ་ལྔའི་ཉིན་མོ་ཁོ་ནར་དུས་ཆེན་བཞི་འཛོམས་དང་མཆོད་པ་བཞི་ལྡན་ཡིན་གསུངས།

 དེའི་རྒྱུ་མཚན་མི་ཤེས་པ་མང་པོ་སྣང་བས། འདིར་མདོ་རྒྱུད་ཀྱི་ཁུངས་གཏུགས་ནས་མདོར་བསྡུས་ཞུ་ན། དེའི་ཉིན་སངས་རྒྱས་པ་དང་མྱ་ངན་འདས་པ་གཉིས་ནི་མདོ་དང་བསྟན་བཅོས་ཀུན་ལས་ཡོངས་གྲགས་སུ་གྱུར་ཅིང་། ཀུན་ཞལ་འཆམས་པས་བསྐྱར་ཟློས་མི་དགོས།

 དེའི་ཉིན་ལྷུམས་སུ་ཞུགས་པ་ནི། མདོ་རྒྱ་ཆེར་རོལ་པ་ལས་གསལ་པོར་གསུངས་པས་དེ་ཁས་ལེན་ན་ཁུངས་དེ་ལས་ལྷག་པ་ཅི་དགོས། ཡིད་མ་ཆེས་ན་མདོ་དེ་ལ་གཟིགས་ཤིག །

 སྐུ་བལྟམས་པ་ས་ག་ཟླ་བ་ལ་བྱེད་པ་ནི་འདུལ་བ་གཞུང་དམ་པ་ལས་དཔྱིད་ཟླ་ཐ་ཆུང་ལ་བལྟམས་པར་གསུངས་པས་སོ། །འདུལ་བའི་དཔྱིད་ཟླ་ཐ་ཆུང་དང་དེང་སང་གི་ར་འབྲིང་ཐ་མའི་ཐ་ཆུང་ལ་ཟླ་བ་གཅིག་གི་སྔ་ཕྱི་ཡོད་པ་གཞན་དུ་བཤད་པ་ལྟར་ཡིན། དེའི་ཚེས་བཅོ་ལྔ་ལ་བལྟམས་པ་ནི་རྒྱ་རོལ་ལས་སྐར་མ་ས་ག་ལ་བབ་པ་ཞེས་འབྱུང་བས་ཡིན། སྤྱིར་འགོས་ལོ་དང་སྒྲ་པ་ནམ་བཟང་སོགས་བོད་ཀྱི་མཁས་པ་མང་པོས་ཚེས་བཅོ་ལྔ་ཞིག་ལ་བལྟམས་པར་བཞེད་ཅིང་། སེངྒལ་གནས་བརྟན་སྡེ་པས་ཀྱང་ས་གའི་ཉ་ལ་འཁྲུངས་པའི་དུས་སྟོན་བྱེད་པ་ལས། ཚེས་བདུན་ལ་འཁྲུངས་པར་གསུང་མཁན་དེ་ཙམ་མང་པོ་མེད། འོ་ན་ཟླ་བ་བཅུ་གཉིས་སུ་ལྷུམས་སུ་བཞུགས་པར་ཐལ་ཟེར་ན། ཀུན་མཁྱེན་གྱིས་འདོད་ལན་ཡིན་གསུངས། དེ་ཡང་རྒྱ་རོལ་ལས་ཟླ་བ་བཅུ་རྫོགས་གསུངས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །གསུངས་པའང་བཅུ་ཁོ་ན་ལ་གོ་དགོས་པ་མིན་ཏེ། དུས་འཁོར་འགྲེལ་ཆེན་ལས་ཟླ་བ་བཅུ་གཉིས་ལའང་གོ་ཆོག་པར་གསུངས་པའི་ཕྱིར་རོ། །དེས་ན་བརྟག་གཉིས་ལས། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། །ཡང་ན་ཟླ་བ་བཅུ་རྫོགས་གསུངས་པ་ནི་རགས་པའི་དབང་དུ་བཏང་བ་ཡིན་ནོ། །

 ཞེས་པ་འདིའང་རང་ལུགས་འཛིན་པར་འདོད་ཀྱང་རང་ལུགས་མི་ཤེས་པ་འགའ་ཞིག་གི་ངོར་ངོ་སྤྲོད་ཀྱི་ཚུལ་དུ་ཆུ་སྦྲུལ་ས་ཟླའི་ཚེས་ལ་བྲིས་པའོ། །