བོད་རང་སྐྱོངས་ལྗོངས་ཀྱིས་བོད་སྐད་ཡིག་བེད་སྤྱོད་བྱེད་ཕྱོགས།

བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། འཕེལ་རྒྱས་བཅས་གཏོང་ཕྱོགས་སྐོར་གྱི་གཏན་འཁེལ་སྒྲིག་ཡིག

 

དོན་ཚན་དང་བོ། 

བོད་སྐད་ཡིག་ནི་རང་རེའི་རང་སྐྱོང་ལྗོངས་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་ཡིན། བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་གཏོང་བར་ཁག་ཐེག་བྱེད་ཆེད། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་བཅའ་ཁྲིམས༽ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། རང་རེའི་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་བེད་སྤྱོད་ཀྱི་ལོ་རྒྱུས་དང་། དངོས་ཡོད་གནས་ཚུལ་ཟུང་སྦྲེལ་གྱིས་ཆེད་དུ་གཏན་འཁེལ་འདི་བྱས་པ་ཡིན།


དོན་ཚན་གཉིས་པ།

 རང་སྐྱོང་ལྗོངས་ཀྱིས་སྐད་ཡིག་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།ནན་ཏན་གྱིས་མི་རིགས་སྐད་ཡིག་གི་སྲིད་ཇུས་གཏིང་ཟབ་སྒོས་ལག་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་དང་འབྲེལ་ཡོད་ཀྱི་སྡེ་ཁག་སོ་སོས་འོས་འགན་ལག་བསྟར་གྱི་བྱ་འགུལ་རྣམས་གྲངས་སོ་སོའི་ཁྲོད་དུ་བོད་ཡིག་གཙོ་བོར་བྱེད་པ་དང་། བོད་རྒྱའི་སྐད་ཡིག་སྤྱོད་ཕྱོགས་ལག་བསྟར་བྱས་ཏེ། སྤྱི་དམངས་ཀྱི་མི་རིགས་སོ་སོས་ཕན་ཚུན་གྱི་སྐད་དང་ཡི་གེ་ལ་སློབ་སྦྱོར་བྱེད་པར་སྐུལ་འདེད་དང་། སློབ་སྦྱོང་གྲུབ་འབྲས་མངོན་གསལ་ཡོད་པ་ཅན་དག་ལ་བྱ་དགའ་སྟེར་དགོས།


དོན་ཚན་གསུམ་པ། 

རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་གི་བོད་རིགས་སློབ་མ་ལ་ངེས་པར་དུ་བོད་སྐད་ཡིག་གི་སློབ་ཚན་གཙོ་བོར་བྱེད་དགོས། གཞན་པའི་སློབ་ཚན་ཡང་རྩ་དོན་གྱི་ཆ་ནས་བཤད་ན་བོད་ཡིག་གཙོ་བོ་བྱེད་དགོས་ཡིན་པས། ཆ་རྐྱེན་གསར་སྐྲུན་ལ་ཤུགས་བསྣན་ནས་སློབ་མ་གསར་བསྡུའི་སྐབས་སུ་བོད་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་པ་དང་། རྒྱུག་ཤོག་ལ་ཡང་བོད་ཡིག་བེད་སྤྱོད་དགོས། བོད་རིགས་སློབ་ཆུང་སློབ་མ་ཚང་མར་བོད་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་ལ། བོད་སྐད་ཡིག་གི་སློབ་ཁྲིད་ལ་ཤུགས་རྐྱེན་མི་ཐེབས་པའི་དུས་ཚོད་ཀྱི་སྔོན་དུ་མཐོ་རིམ་འཛིན་གྲྭ་ནས་བཟུང་རྒྱ་ཡིག་གི་སློབ་ཁྲིད་ཁ་སྣོན་བྱས་ཆོག འབྲིང་རིམ་དང་། འབྲིང་རིམ་ཆེད་ལས། ཆེད་ཚན་སློབ་གྲྭ་ཆེན་མོ་བཅས་ཀྱི་བོད་རིགས་སློབ་མའི་སྐད་ཡིག་སློབ་ཚན་ནི་བོད་ཡིག་གཙོ་བོར་བྱེད་དགོས་ལ། དུས་མཚུངས་སུ་རྒྱ་ཡིག་བསླབ་དགོས་པར་མ་ཟད། རྒྱལ་ཡོངས་གཅིག་གྱུར་གྱི་རྒྱའི་སྤྱི་སྐད་ལ་སློབ་སྦྱོང་བྱེད་དགོས་པ་ཡིན། གཞན་པའི་སློབ་ཚན་ནི་ཧུར་བརྩོན་གྱིས་ཆ་རྐྱེན་གསར་འཛུགས་བྱས་ཏེ་མགྱོགས་མྱུར་ངང་བོད་སྐད་ཀྱི་སློབ་ཁྲིད་བྱེད་ལག་བསྟར་བྱེད་དགོས། ཆ་རྐྱེན་ཡོད་པའི་འབྲིང་རིམ་སློབ་གྲྭའི་ད་དུང་ཕྱིའི་སྐད་ཡིག་ཁ་སྣོན་བྱེད་དགོས། རྒྱ་རིགས་སློབ་མས་རྒྱའི་སྐད་ཡིག་སློབ་པ་གཙོ་བོར་བྱེད་པ་དང་། སློབ་ཚན་སྣ་ཚོགས་ཀྱང་རྒྱ་སྐད་ཀྱི་ལམ་ནས་སློབ་ཁྲིད་དང། ལོ་རིམ་འོས་མཚམས་སུ་བསླེབས་དུས་བོད་སྐད་ཡིག་ཁ་སྣོན་དང་ངེས་པར་སྦྱང་དགོས་པའི་སློབ་ཚན་དུ་གཞག་དགོས་ལ། ཕྱིའི་སྐད་ཡིག་ཀྱང་འོས་འཚམས་ཀྱིས་ཁ་སྣོན་བྱས་ཆོག


དོན་ཚན་བཞི་བ། 

རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་ཕན་ནུས་ཡོད་པའི་དོན་དངོས་ལག་བསྟར་བྱས་ཏེ། རྒྱ་ཆེ་བའི་བོད་རིགས་སྤྱི་དམངས་ཁྲོད་དུ་བོད་ཡིག་ཡིག་རྨོངས་སེལ་བར་ཧུར་བརྩོན་བྱེད་དགོས།


དོན་ཚན་ལྔ་བ། 

རང་སྐྱོང་ལྗོངས་ཀྱིས་ཧུར་བརྩོན་སྒོས་བོད་སྐད་ཡིག་སྡེ་ཚན་སོ་སོ༼རྩིས་རིག་དང་།དངོས་ལུགས། རྫས་འགྱུར་བཅས་འདུ༽སློབ་དེབ་དང་སློབ་ཁྲིད་ཟུར་བལྟས་རྒྱུ་ཆའི་དཔེ་དེབ་བཅས་རྩོམ་སྒྱུར་དཔེ་སྐྲུན་བྱེད་དགོས།


དོན་ཚན་དྲུག་པ། 

རང་སྐྱོང་ལྗོངས་ཀྱིས་རིགས་དང་རིམ་པ་མི་འདྲ་བའི་སློབ་གྲྭ་སོ་སོར་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་དགེ་རྒན་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱེད་དགོས་པ་དང་། སྤྱི་ཚོགས་སྟེང་ནས་བོད་ཡིག་གི་དགེ་རྒན་གདན་འདྲེན་བྱས་ཏེ་ཆེད་ལས་བྱ་བར་བསྐོ་བཞག་བྱེད་དགོས། ད་ལྟའི་ལོ་ན་བཞི་བཅུ་ཞེ་ལྔ་མན་གྱི་བོད་རིགས་ལས་བྱེད་དང་། ལོ་ན་བཞི་བཅུའི་མན་གྱི་ལས་བཟོ་བ་བོད་ཡིག་མི་ཤེས་མཁན་དག་གིས་ངེས་པར་དུ་བོད་ཡིག་སྦྱང་དགོས། དེ་བཞིན་ལོ་གསུམ་ནང་བོད་ཡིག་རྨང་གཞི་བེད་སྤྱོད་ཀྱི་ཤེས་ཚད་དུ་བསླེབ་དགོས་པར་མ་ཟད། གཅིག་གྱུར་གྱིས་ཡིག་རྒྱུག་བླངས་ནས་ཚད་ལོངས་འཛིན་ཡིག་སྟེར་བ་དང་སྤྱི་བསྒྲགས་བྱེད་དགོས་པ་སྟེ། གྲུབ་འབྲས་མངོན་གསལ་ཅན་དག་ནི་གོ་གནས་འཕར་ཆོག་པ་ནི་ཆ་རྐྱེན་གཙོ་བོ་གཅིག་ཡིན།


དོན་ཚན་བདུན་པ། 

རང་སྐྱོང་ལྗོངས་ནང་ཁུལ་གྱི་ལས་བྱེད་དང་། ལས་བཟོ་བས་ངེས་པར་དུ་བོད་ཡིག་སྦྱང་དགོས་པ་དང་། རྒྱ་ཡིག་སྦྱོང་བའི་བྱ་བ་དར་སྤེལ་དང་། རྒྱ་རིགས་ལས་བྱེད་དང་རྒྱ་རིགས་ལས་བཟོ་བས་བོད་ཡིག་སྦྱངས་བར་སྐུལ་མ་གཏོང་དགོས།

བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་རུ་ཁག་གིས་གཏན་འཁེལ་འདིའི་དགོངས་དོན་གཞིར་བཟུང་ནས་བོད་སྐད་ཡིག་ཡོངས་སྤྱོད་དང་། རྒྱ་ཆེ་བའི་དམངས་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས།


དོན་ཚན་བརྒྱད་པ།

 རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་ལས་དོན་སྡེ་ཁག་གིས་ལས་བྱེད་དང་། ལས་བཟོ་བ་བསྡུ་ལེན་བྱེད་ཚེ་བོད་ཡིག་གི་ཤེས་ཚད་ནི་ངེས་པར་དུ་ཆ་རྐྱེན་གཙོ་བོར་འཛིན་དགོས་ལ། བོད་རིགས་ལས་བྱེད་དང་། ལས་བཟོ་བའི་དཔྱད་བསྡུར། གོ་གནས་འཕར་བ་བཅས་ནི་བོད་ཡིག་གི་ཤེས་ཚད་གཙོ་བོར་བྱེད་པའི་རྣམས་གྲངས་ཀྱི་དོན་སྙིང་གལ་ཆེན་བསྟན་ཡོད། ལས་བཟོ་བ་བསྡུ་བ་དང་། ལས་བྱེད་བསྐོ་བཞག གོ་གནས་རིམ་འཕར་སོགས་ཀྱི་སྐབས་སུ་ཆ་རྐྱེན་འདྲ་མཉམ་ཡིན་པའི་སྟེང་དུ་བོད་རིགས་དང་། རྒྱ་རིགས། གཞན་པའི་མི་རིགས་ཀྱི་སྤྱི་དམངས་གང་ཡིན་ནའང་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཤེས་ཚད་བྱང་ཆུབ་པ་ཡོད་མཁན་དག་ནི་དམིགས་བསལ་གྱིས་བསྡུ་ལེན་དང་། གོ་གནས་རིམ་འཕར་བྱས་ཆོག


དོན་ཚན་དགུ་བ། 

རང་སྐྱོང་ལྗོངས་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་འོས་འགན་སྤྱི་བསྒྲགས་ཡི་གེ་སོགས་སུ་བོད་ཡིག་མེད་པ་ཡིན་ན། དམའ་རིམ་སྡེ་ཁག་གིས་དང་ལེན་མ་བྱས་ན་ཆོག

རང་སྐྱོང་ལྗོངས་འགན་ནུས་སྡེ་ཁག་སོ་སོ་དང་། མི་རིགས་མཐུན་སྒྲིལ་འགན་དབང་ལག་བསྟར་བྱེད་པའི་ཁྲོད་དུ་བོད་ཡིག་བེད་སྤྱོད་ཀྱི་དཀའ་ངལ་ཡོད་ངེས་པས། ཆ་རྐྱེན་གསར་སྐྲུན་ལ་ཤུགས་བསྣན་ནས་གཏན་འཁེལ་འདི་སྤྱི་བསྒྲགས་བྱས་པའི་ཉི་མ་ནས་བཟུང་ལོ་གཉིས་ཀྱི་ནང་དུ་བོད་ཡིག་གཙོ་བོར་བྱེད་པའི་བྱ་བ་ལག་བསྟར་དང་། རྫོང་རིམ་པ་མན་གྱི་སྲིད་དབང་ལས་ཁུངས་ཀྱིས་གོང་རིམ་ལ་འབུལ་བའི་སྙན་ཞུ་བོད་ཡིག་ཁོ་ནས་བྲིས་ཆོག་ལ། རང་སྐྱོངས་ལྗོངས་ཁེ་ལས་ལས་དོན་སྡེ་ཁག་ཡོད་ཚད་ཀྱིས་ཆ་རྐྱེན་གསར་སྐྲུན་ལ་ཤུགས་བསྣན་ནས། རིམ་བཞིན་ཆེད་ལས་བྱེད་སྒོའི་ཁྲོད་དུ་བོད་ཡིག་གཙོ་བོར་སྤྱོད་དགོས།  རང་སྐྱོངས་ལྗོངས་ནང་ཁུལ་གྱི་སྦྲགས་སྲིད། དངུལ་ཁང་། ཚོང་ཁང་སོགས་མང་ཚོགས་ཀྱི་ཞབས་ཞུ་དང་ཐད་ཀར་འབྲེལ་བའི་སྡེ་ཁག་གི་ཆེད་ལས་བྱེད་སྒོའི་ཁྲོད་དུ་བོད་ཡིག་གཙོ་བོར་འཛིན་པ་དང་དུས་མཚུངས་སུ་རྒྱའི་སྐད་ཡིག་སྤྱོད་དགོས།


དོན་ཚན་བཅུ་བ། 

རང་སྐྱོངས་ལྗོངས་ནང་ཁུལ་གྱི་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་།མི་དམངས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཁག་བཅས་ཀྱིས་ཆོགས་འདུ་སྣ་ཚོགས་བསྡུ་བའི་སྐབས་སུ་བོད་སྐད་ཡིག་གཙོ་བོར་སྤྱོད་པ་དང་དུས་མཚུངས་སུ་རྒྱའི་སྐད་ཡིག་བེད་སྤྱོད་བཏང་ཆོག


དོན་ཚན་བཅུ་གཅིག་པ། 

རང་སྐྱོང་ལྗོངས་རྒྱལ་ཁབ་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་། མི་དམངས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཁག་དང་། ལྗོངས་ཕྱིར་སྡོད་པའི་རྒྱུན་གནས་ལས་ཁུངས་དག་གིས་ཐམ་ཀ་དང་། དཔང་ཡིག སྒོ་བྱང་། ལྗོངས་ནང་ཁུལ་གྱི་སྲང་ལམ། ཚོང་ཁང་སོགས་དང་། གཞན་ཡང་ཞབས་ཞུའི་ལས་རིགས་སྡེ་ཁག་གི་མཚན་བྱང་སོགས་ནི་ངེས་པར་དུ་བོད་རྒྱ་སྐད་གཉིས་ཀྱིས་བྲི་དགོས།རང་ལྗོངས་ནས་ཐོན་སྐྱེད་བྱས་པའི་ཚོང་རྫས་ཀྱི་མིང་དང་། ཚོང་རྟགས། ད་དུང་ཚོང་ཁང་གི་ཚོང་རྫས་རིན་གོང་། ཁ་བྱང་སོགས་གཅིག་གྱུར་གྱིས་བོད་རྒྱ་ཡིག་རིགས་གཉིས་ཀ་སྤྱོད་དགོས།


དོན་ཚན་བཅུ་གཉིས་པ། 

རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་རྟོག་དཔྱོད་ཁང་བཅས་ཀྱིས་ངེས་པར་དུ་བོད་རིགས་སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱད་ནས་གཏུགས་བཤེར་ཡི་གེ་འབྲི་བའི་དབང་ཆ་ཡོད་པ་ཁག་ཐེག་བྱེད་དགོས། གཏུགས་བཤེར་ལ་ཞུགས་པའི་མི་སྣ་དང་། གྱོད་དོན་རྟོག་དཔྱོད་སྐད་ཆ་བཅས་ནི་བོད་སྐད་ཡིན་དགོས་པར་མ་ཟད། ཁྲིམས་ལུགས་ཡིག་རིགས་ཚང་མ་བོད་ཡིག་གིས་བྲི་དགོས་པ་ཡིན།


དོན་ཚན་བཅུ་གསུམ་པ། 

རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་གསར་འགྱུར་དང་། དཔེ་སྐྲུན།རྒྱང་བསྒྲགས། གློག་བརྙན། བརྙན་འཕྲིན་བཅས་ཀྱི་བྱ་གཞག་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་དགོས། བོད་སྐད་ཡིག་གི་ལམ་ནས་བྲིས་པའི་བྱིས་པའི་དཔེ་དེབ་དང་། ཀློག་བདེ་བའི་བོད་ཡིག་དཔེ་ཆ་དང་ཚན་རིག་ཁྱབ་སྤེལ་ཀློག་དེབ་བཅས་པར་སྐྲུན་བྱེད་པར་ཧུར་བརྩོན་བྱེད་དགོས། ལྗོངས་ནང་ཁུལ་གྱི་ཚན་རིག་ཞིབ་འཇུག་གི་སྡེ་ཁག་དང་། མཛེས་རྩལ་སྒྱུ་རྩལ་ཚོགས་པ། སྒྱུ་རྩལ་སློབ་གྲྭ་བཅས་ཀྱིས་ངེས་པར་བོད་སྐད་ཡིག་བེད་སྤྱད་ནས་ཚན་རིག་ཞིབ་འཇུག་དང་། རིག་རྩལ་གསར་གཏོད་དང་འཁྲབ་སྟོན་བྱེད་པར་སྐུལ་མ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་བོད་ཡིག་རྩོམ་སྒྲིག་པ་དང་། གསར་འགོད་པ། རྩོམ་པ་བོ། དྲུང་ཡིག་པ། ལོ་ཙཱ་བ་བཅས་འཇོན་ཐང་ཅན་གྱི་མི་སྣ་གསོ་སྐྱོང་བྱེད་པའི་བྱ་བ་ཤུགས་ཆེན་པོས་ལག་ལེན་དུ་བསྟར་དགོས།


དོན་ཚན་བཅུ་བཞི་བ།

 རང་སྐྱོང་ལྗོངས་རྒྱལ་ཁབ་ལས་ཁུངས་སོ་སོ་དང་། མི་དམངས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཁག་བཅས་ཀྱིས་ཡིག་བསྒྱུར་གྱི་སྒྲིག་གཞི་དང་ལོ་ཙཱ་བའི་སྙོམ་སྒྲིག་བྱ་བ་གཞི་རྩར་འཛིན་དགོས།


དོན་ཚན་བཅོ་ལྔ་བ། 

རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་བྱ་བར་སྣེ་ཁྲིད་བྱེད་པའི་འགོ་ཁྲིད་ཀྱི་སྡེ་ཁག་ཅིག་བསྐྲུན་དགོས་ལ། བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། འཕེལ་རྒྱས་ཀྱི་སྣེ་ཁྲིད་ནས་ལྟ་སྐུལ་དང་རྟོག་དཔྱོད་བྱས་ཏེ། བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་དང་། བོད་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་དབྱེ་ཞིབ། བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་། འཕེལ་རྒྱས་ལ་ཚན་རིག་གིས་མཛུབ་སྟོན་བཅས་བྱས་ཏེ། བརྡ་དང་ཐ་སྙད་ཀྱི་སྒྲིག་གཞི་གཅིག་གྱུར་བྱས་ནས་བོད་སྐད་ཡིག་ཚད་ལྡན་ཅན་དུ་འཕེལ་རྒྱས་སུ་གཏོང་དགོས་པ་ཡིན།


དོན་ཚན་བཅུ་དྲུག་པ། 

ནན་ཏན་དང་གཏིང་ཟབ་སྒོས་སྒྲིག་གཞི་འདི་ཉིད་ལག་བསྟར་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་སྡེ་ཁག་གི་འགན་འཁུར་མི་སྣ་ལ་བསྟོད་བསྔགས་དང་བྱ་དགའ་འབུལ་བ་དང་། ནན་ཏན་མིན་པ་དང་སྒྲིག་གཞི་འདི་ཉིད་ལག་བསྟར་མི་བྱེད་པར་མ་ཟད། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་མཁན་དག་ལ་སྐྱོན་བརྗོད་བྱེད་པ་དང་། ཐ་ན་སྲིད་འཛིན་ཐོག་གི་ཉེས་ཆད་གཅད་ཀྱང་རུང་ངོ་།།

 

མ་རྩོམ་གྱི་ཡོང་ཁུངས། རྒྱ་ཡིག་གི་དྲ་ཚིགས། 人人网