འཛ​མ་གླིང་ཡོངས་ཀྱི་རྒྱུ་ནོར་ཕྱེད་ཀ་བཟུང་བའི་ཕྱུག་པོ་བརྒྱད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་དབྱིན་ཡུལ་གྱི་ཞིབ་འཇུག་ཚོགས་པ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ༢༠༡༠ལོར་མི་ཕྱུག་པོ་༦༢ཡིས་འཛམ་གླིང་གི་རྒྱུ་ནོར་ཡོངས་ཀྱི་ཕྱེད་ཀ་བཟུང་ཡོད་ཀྱང་། ད་ཆ་དེའི་གནས་སྟངས་ལ་འགྱུར་བ་བྱུང་ཡོད་པ་སྟེ་འཛམ་གླིང་གི་རྒྱུ་ནོར་ཡོངས་ཀྱི་ཕྱེད་ཀ་དེ་མི་ཕྱུག་པོ་༨ཀྱི་་ལག་ཏུ་བཟུང་ཡོད་པ་རེད། 


འཛམ་གླིང་གི་མི་ཕྱུག་ཤོས་ཨ་སྒོར་ཐེར་འབུམ་གྱི་བདག་པོ་བརྒྱད་ནི།

    ༡ བིལ་གེཊ།(Bill Gate) ཁོང་ནི་ ༡༩༥༥ ལོར་ཨ་རིའི་རྒྱལ་ཁབ་ཝ་ཤིན་ཌོན་ས་གནས་སུ་སྐྱེས་པ་དང་། ཁོང་གིས་གློག་ཀླད་ཀྱི་མཉེན་ཆས་མ་ཀོ་རོ་སོབ་(Microsoft)གསར་གཏོད་བྱས་པ་དང་ད་ལྟ་མ་ཀོ་རོ་སོབ་དང་གློག་ཀླད་མཉེན་ཆས་འཆར་འགོད་ཀྱི་མགོ་འཛིན་གནང་གི་ཡོད་པ་མ་ཟད། ཁོང་ནི་ཚོང་གི་མ་འཛུགས་བྱེད་པོ་དང་རྩོམ་པ་པོ་ཡང་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༧༥ ཙམ་ཡོད་ཚོད་འདུག


   ༢ ཨ་མན་སི་ཨོ་ཨོར་ཏི་གཱ།(Amancio Ortega) ཁོང་ནི་ ༡༩༣༦ ལོར་ཨིས་པེན་(Spain)རྒྱལ་ཁབ་ཀྱི་ས་གནས་ལི་ཡོན་(leon)དུ་སྐྱེས་པ་དང་། དེང་སང་འཛམ་གླིང་དུ་དར་སྲོལ་ཆེ་བའི་གྱོན་ཆས་ཀྱི་བཟོ་གྲྭ་ཛ་ར་(Zara)དང་ཨིན་དི་ཊེས་(Inditex)ཚོགས་པ་གསར་འཛུགས་བྱེད་མཁན་དང་དེའི་མགོ་འཛིན་གནང་ཡང་ད་ལྟ་ལས་གནས་ནས་རྩ་དགོངས་ཞུས། ཁོང་ནི་ཡོ་རོབ་རྒྱལ་ཁབ་ཀྱི་ནང་ནས་ཕྱུག་ཤོས་དང་། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༦༧ ཙམ་ཡོད་ཚོད་འདུག


   ༣ ཝར་རིན་བུ་ཕིཊ།(Warren Buffett) ཁོང་ནི་ ༡༩༣༠ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ནི་བ་རས་ཀ་(Nebraska)ལ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་གི་ཚོང་པ་ཆེ་ཤོས་ཀྱི་གྲལ་དུ་ཚུད་ཅིང་། འཛམ་གླིང་གི་ཚོང་འཇུག་ཆེ་བའི་བཟོ་གྲྭ་བར་ཤི་ཡར་ཧ་ཊ་ཝེ་( Berkshire Hathaway)གསར་འཛུགས་བྱེད་མཁན་དང་དེའི་མགོ་འཛིན་གནང་གི་ཡོད། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༦༡ ཙམ་ཡོད་ཚོད་འདུག


   ༤ ཀར་ལོས་སི་ལིམ།(Carlos Slim) ཁོང་ནི་ ༡༩༤༠ ལོར་མེཀ་སི་ཀོ་(Mexico)རྒྱལ་ཁབ་ཀྱི་ས་གནས་མེཀ་སི་ཀོ་གྲོང་འཁྱེར་དུ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་གི་ཚོང་པ་དང་ཚོང་གི་མ་འཛུགས་བྱེད་པོ་ཡིན་པ་དང་། ཁོས་མེག་སི་ཀོ་རྒྱལ་ཁབ་དུ་ཡོད་པའི་ཚོང་གི་ཚོགས་པ་ཆེ་ཤོས་གུ་རུ་པོ་ཀར་སོ་(Grupo Carso)གསར་འཛུགས་དང་དེའི་མགོ་འཛིན་གནང་མུས་རེད། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༥༠ ཙམ་ཡོད་ཚོད་འདུག


   ༥ ཇེ་བི་ཛོས།(Jeff Bezos) ཁོང་ནི་ ༡༩༦༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ཝ་ཤིན་ཊོན་དུ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་དུ་ཚོང་ཟོག་ཉོ་ཚོང་གི་དྲ་རྒྱ་སྐད་གྲགས་ཆེ་ཤོས་ཨ་མེ་ཛོན་(Amazon.com)གསར་འཛུགས་བྱེད་མཁན་དང་ད་ལྟ་དེའི་མགོ་འཛིན་ཡིན། ཁོང་ནི་ཚོང་པ། ཚོང་གི་མ་འཛུགས་བྱེད་པ་པོ་དང་གློག་ཀླད་རིགས་ལ་མཁས་པ་ཞིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༥ ཙམ་ཡོད་ཚོད་འདུག


༦ མར་ཀ་ཛུ་ཀར་བྷིར་ཀ (Mark Zuckerberg) ཁོང་ནི་ ༡༩༨༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ནེའུ་ཡོག་ཏུ་སྐྱེས་པ་དང་། ཁོང་ནི་དེང་སང་ཧ་ཅང་སྐད་གྲགས་ཆེ་བའི་སྤྱི་ཚོགས་དྲ་རྒྱ་ངོ་དེབ་(Facebook)ཀྱི་གསར་གཏོད་མཛད་མཁན་ཡིན་ཞིང་ད་ལྟ་དེའི་མགོ་འཛིན་ཡིན། དེ་བཞིན་ཁོང་ནི་གློག་ཀླད་ཀྱི་ལས་རིམ་འཆར་འགོད་པ་གྲགས་ཅན་ཞིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༥ ཙམ་ཡོད་ཚོད་འདུག


    ༧ ལེ་རི་ཨི་ལི་སོན། (Larry Ellison)  ཁོང་ནི ༡༩༤༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ཀེ་ལི་ཕོར་ནི་ཡ་(California)ལ་སྐྱེས་པ་དང་། ཁོང་ནི་གློག་ཀླད་དང་འཕྲུལ་ཆས་ཀྱི་བཟོ་གྲྭ་ཨོ་རེ་ཀལ་ལྷན་ཚོགས་(Oracle Corporation)གསར་འཛུགས་བྱེད་མཁན་ཡིན་ཞིང་དེའི་མགོ་འཛིན་མཛད་པ་ཡིན་ཡང་། ད་ལྟ་དེའི་ལས་གནས་ནས་དགོངས་ཞུས་བྱས། ཁོང་ནི་ཚོང་གི་ཁེ་ལས་པ་དང་ཚོང་པ་ཞིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༤ ཙམ་ཡོད་ཚོད་འདུག


     ༨ མའེ་ཀེལ་བུ་ལུམ་བརཀ (Michael Bloomberg) ཁོང་ནི་ ༡༩༤༢ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་མ་ས་ཅུ་སེཊ་(Massachusetts)ལ་སྐྱེས་པ་དང་། ཁོང་ནི་གློག་ཀླད་ཀྱི་ནང་ཆས་དང་དེའི་མཉེན་ཆས་ཀྱི་བཟོ་གྲྭ་བུ་ལུམ་བར་ཀ་(Bloomberg)གསར་དུ་འཛུགས་མཁན་དང་ད་ལྟའང་དེའི་མགོ་འཛིན་ཡིན། ཁོང་ནི་ཚོང་པ། ཆབ་སྲིད་པ། རྩོམ་པ་པོ་སོགས་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༠ ཙམ་ཡོད་ཚོད་འདུག