ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭས་ཁྱུང་ཆེན་རྟགས་མའི་ཤེས་རིག་འགྲན་རྒྱུགས་སྤེལ་བ།

QQ图片20141204101357.jpg

དགེ་རྒན་རྣམ་པ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམ་པ་ལྷན་ཅིག་ཏུ་སྤྲོ་སེམས་འཁོལ་བའི་ངང་ནས་དྲན་རྟེན་མཉམ་པར་སྐྱོན་བཞིན་པ།

     སྤྱི་ལོ2014ལོའི་ཟླ12པའི་ཚེས2རེས་གཟའ་མིག་དམར་ཉིན་གྱི་དགོང་མོའི་དུས་ཚོད་བདུན་ནས་དགུ་དང་ཕྱེད་ཀྱི་བར་དུ། སློབ་གྲྭའི་སྣ་འཛོམས་ཁང་ཆེན་གྱི་ཐོག་བརྩེགས་ལྔ་པའི་ཚོགས་ཁང་ཆེན་མོའི་ནང་དུ་བློ་གསལ་སློབ་བུ་རྣམས་ལ་བོད་ཀྱི་ཤེས་རིག་གི་རྨང་གཞི་སྲ་བརྟན་དང་བསམ་བློའི་གོ་རྟོགས་མཐོར་འདེགས། སྨྲ་བརྗོད་ཀྱི་སྤོབས་པ་སོགས་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་ཡོང་ཕྱིར། སྐབས་གཉིས་པའི་བྱ་རྒྱལ་ཁྱུང་ཆེན་རྟགས་མའི་བོད་ཀྱི་ཤེས་རིག་འགྲན་རྒྱུགས་སྤེལ།

Fl201412031217183937.jpg

སློབ་བུ་གྲགས་པ་བསམ་འགྲུབ་ཀྱིས་དྲི་བར་ལན་འདེབས་བཞིན་པའི་རྣམ་པ།

     འགྲན་སྡུར་རྒྱུགས་སྤྲོད་དེའི་ཐོག་ཏུ་དགེ་རྒན་པད་མ་ཚེ་རིང་དང་གངས་སྐྱབས་ཚེ་རིང་། སྒྲོན་དཀར། བོ་ཆུང་སྒྲོན་དཀར་སོགས་དགེ་རྒན་རྣམ་པ་དང་། ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམ་པ། 13ལོ་དང14ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་ཁག་བརྒྱད་པོའི་སློབ་མ་རྣམ་པ་སོགས་དགེ་སློབ་ལྔ་བརྒྱ་ཙམ་ཞིག་མཉམ་ཞུགས་གནང་།

03173220140_副本.jpg

འགྲན་རྒྱུགས་སྐབས་ཀྱི་ཚོགས་རའི་རྣམ་པ།

      འགྲན་ཞུགས་པར་ཆེད་འབྲིང་བོད་ཡིག་འཛིན་གྲྭ་ཁག་བརྒྱད་ལས་གདམས་པའི་སློབ་མ་འགའ་ཞིག་ཡོད་ཅིང་། དགེ་རྒན་འདན་མ་བཀྲ་དགའ་ཡིས་འགྲན་རྒྱུགས་དེའི་མདོ་འཛིན་གནང་པ་དང་སྦྲགས་ཏེ། འགྲན་ཞུགས་པའི་སློབ་མ་རྣམ་པར་བོད་ཀྱི་རྩོམ་འབྲི་ཤེས་བྱ་དང་སུམ་རྟགས་དག་གསུམ། མངོན་བརྗོད། ལོ་རྒྱུས། རྒྱུན་སྤྱོད་ཡིག་རིགས། ལེགས་བཤད། བོད་ཀྱི་དམངས་ཁྲོད་རྩོམ་རིག་བཅས་ཀྱི་སྐོར་ནས་དྲི་བ་དང་དྲི་ལན་གྱི་སྒོ་ནས་འགྲན་རྒྱུགས་སྤེལ་སྐབས། འགྲན་ཞུགས་པའི་སློབ་མ་དེ་དག་གྲུང་ཤ་དོད་པོའི་ཉམས་དང་བཅས་ཏེ་ཚ་ཚ་འུར་འུར་ངང་ནས་དྲི་ལན་བཏབ་ཅིང་། སློབ་བུ་དེ་དག་ལས་ཨང་རིམ་དང་པོ་གཅིག་དང་ཨང་རིམ་གཉིས་པ་གཉིས། ཨང་རིམ་གསུམ་པ་གཉིས། རྟིང་སྐུལ་བྱ་དགའ་བདུན་བཅས་གདམས་ཏེ་བྱ་དགའི་དཔང་ཡིག་དང་བྱ་དགའི་གཟེངས་བསྟོད་ཀྱི་དངོས་པོ་རྣམས་དགེ་རྒན་རྣམ་པས་སློབ་བུ་ཁོང་རྣམས་ལ་བསྩལ་བ་དང་།མཇུག་མཐར་དགེ་རྒན་རྣམ་པ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམ་པ་སྤྲོ་སེམས་འཁོལ་བའི་ངང་ནས་ལྷན་ཅིག་ཏུ་དྲན་རྟེན་མཉམ་པར་བསྐྱོན་རྗེས་འགྲན་རྒྱུགས་དེའི་མཇུག་ལེགས་པར་བསྡུས་སོ། །