སློབ་མ་རྣམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ།

ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སྤྱི་ལོ༢༠༡༣ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་ཡི་སློབ་མ་རྣམས་ཀྱིས་སུམ་རྟགས་དག་གསུམ་གྱི་རྩ་ཚིག་བློ་འཛིན་ལེགས་འགྲུབ་བྱུང་བའི་སློབ་མ་རྣམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ།

སྤྱི་ལོ༢༠༡༤ལོའི་ཟླ༩པའི་ཚེས༡༧ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་ཕྱེད་ནས་དགུ་དང་ཕྱེད་བར་དུ། ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སྣ་འཛོམས་ཁང་ཆེན་གྱི་ཐོག་བརྩེགས་ལྔ་པའི་ཚོགས་ཁང་ཆེན་མོའི་ནང་དུ། སྤྱི་ལོ༢༠༡༣ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་ཡི་སློབ་མ་རྣམས་ཀྱིས་སུམ་རྟགས་དག་གསུམ་གྱི་རྩ་ཚིག་སྟེ། སུམ་ཅུ་པ་དང་རྟགས་འཇུག ལེགས་བཤད་ལྗོང་དབང་། དཀའ་གནད་གསལ་བའི་མེ་ལོང་། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་བཅས་ཀྱི་རྩ་ཚིག་བློ་འཛིན་ལེགས་འགྲུབ་བྱུང་བའི་སློབ་མ་རྣམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས་ཤིང་།

མཛད་སྒོའི་ཐོག་ཏུ་དགེ་རྒན་པདྨ་ཚེ་རིང་དང་དགེ་རྒན་གངས་སྐྱབས་ཚེ་རིང་། དགེ་རྒན་བསྟན་པ། དགེ་རྒན་ཤཀྱ་ཆོས་འཕེལ། དགེ་རྒན་འཕྲིན་ལས་དགེ་ལེགས། དགེ་རྒན་ཕུན་ཚོགས། དགེ་རྒན་བསོད་ནམས་དབྱངས་སྒྲོན། དགེ་རྒན་ཚེ་དབང་ཆོས་སྒྲོན། དགེ་རྒན་ཟླ་བ་སྒྲོན་དཀར། དགེ་རྒན་ཆོས་རྒྱལ། དགེ་རྒན་དཔལ་ལྡན། དགེ་རྒན་དྲི་མེད། དགེ་རྒན་བསོད་ནམས་ཡེ་ཤེས། དགེ་རྒན་སྦྱིན་པ་བཅས་དགེ་རྒན་རྣམ་པ་དང་།

སྤྱི་ལོ༢༠༡༣ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པོ་དང་། སྤྱི་ལོ༢༠༡༤ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པོ་བཅས་བོད་ཡིག་འཛིན་གྲྭ་བརྒྱད་པོའི་སློབ་མ་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་ཅིང་།

དགེ་རྒན་ཤཀྱ་ཆོས་འཕེལ་གྱིས་བཀྲ་ཤིས་པའི་སྨོན་ཚིག་དང་བཅས་ཏེ་མཛད་སྒོའི་མདོ་འཛིན་གནང་པ་དང་། དགེ་སློབ་རྣམ་པའི་ལག་ཟུང་ཐལ་སྒྲའི་ཁྲོད་ནས་དངོས་སུ་འགོ་བཙུགས་ཏེ།

དགེ་རྒན་གངས་སྐྱབས་ཚེ་རིང་དང་།

རྒན་བསྟན་པ།

རྒན་སྦྱིན་པ།

རྒན་པད་མ་ཚེ་རིང་།

རྒན་ཕུན་ཚོགས་བཅས་ཀྱིས་བཀྲ་ཤིས་པའི་སྨོན་ཚིག་གིས་མདུན་བསུས་ཏེ་གཏམ་བཤད་གནང་བའི་གནང་དོན་གཙོ་ནི། དེ་རིང་འདིར་དགེ་རྒན་སྦྱིན་པ་ཁོང་ཉིད་ཀྱིས་འགན་ཁུར་ཆེ་བཞེས་ཀྱི་ཐོག་ནས་སུམ་རྟགས་དག་གསུམ་གྱི་རྩ་ཚིག་བློ་འཛིན་ལེགས་འགྲུབ་བྱུང་བའི་སློབ་མ་རྣམས་པར། སློབ་གཉེར་ལ་སྐུལ་ལྕག་བྱ་ཕྱིར་བྱ་དགའ་སྤྲོད་པའི་མཛད་སྒོ་འདི་ལྟ་བུ་ཞིག་འཚོགས་པ་འདི་ལ་དགའ་བས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དགེ་རྒན་ཞིག་ཡིན་ན་གཅིག་ནས་སློབ་མ་དང་ས་གནས་ཀྱི་སྤྱི་ཚོགས་དང་མི་རིགས་བཅས་ཀྱི་ལས་དབང་བཟང་ཕྱོགས་སུ་བསྐྱོད་ཐུབ་པ་ལ་རེ་བའི་ལྷག་བསམ་རྣམ་པར་དག་པ་ཞིག་ཡོད་དགོས་པ་དང་། གཉིས་ནས་རང་ཉིད་ཀྱི་ཤེས་ཡོན་ཆུ་ཚད་གོང་མཐོར་ཡོང་ཕྱིར་མུ་མཐུད་དུ་འབད་བརྩོན་བྱ་དགོས་པ། གསུམ་ནས་འགན་ཁུར་ལྡན་པའི་སྒོ་ནས་རིག་པའི་སྦྱིན་པ་ཕོངས་མེད་དུ་སློབ་མར་སྦྱིན་པའི་བསམ་སྤྱོད་བཟང་པོ་དང་ལྡན་དགོས་པ་ནི་དགེ་རྒན་ཞིག་གི་རྩ་བའི་ཆ་རྐྱེན་ཡིན། དེ་ཕྱིར་འདི་ལྟ་བུའི་བྱ་སྤྱོད་ལ་རྗེས་སུ་ཡིད་རང་བྱ་འོས་པ་ཞིག་རེད་ཅེས་དང་། དེ་བཞིན་ཡང་སྤྱིར་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་གནས་བབ་དང་བྱེ་བྲག་ཏུ༡༢ལོ་དང་༡༣ལོ་བཅས་ཀྱི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་ཁག་གི་བསམ་བློ་ཀུན་སྤྱོད་དང་། ཤེས་ཡོན་སློབ་གཉེར་ཅི་འདྲ་ཡོད་མེད་གསལ་བཤད་གནང་པ་དང་འབྲེལ་ཏེ་སློབ་མ་རྣམས་ཀྱིས་གོ་སྐབས་བཟང་པོ་འདི་དམ་བཟུང་བྱས་ཏེ། སློབ་གཉེར་གནང་པ་ཡིན་ན་ཆེད་འབྲིང་བོད་ཡིག་འཛིན་གྲྭའི་སློབ་མ་རྣམ་པར་མ་འོངས་པའི་མདུན་ལམ་བཟང་པོ་ཞིག་ཡོད་པ་དང་ཡོད་པ་དེ་ཡང་ཤེས་རྒྱུ་གལ་ཆེན་པོ་ཞིག་རེད་ཅེས་དང་། དེ་བཞིན་སློབ་མ་རྣམས་ཀྱིས་ཤེས་ཡོན་སློབ་གཉེར་ཇི་ལྟར་བྱས་ན་ལེགས་མིན་ཐབས་ཤེས་བླང་དོར་སྐོར་གྱི་དུས་སུ་བབ་པའི་ལམ་སྟོན་གནང་ཞིང་། དེ་ནས་དགེ་རྒན་རྣམ་པའི་གཏམ་བཤད་གྲུབ་པ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱིས་བློར་འཛིན་ཟིན་པའི་སུམ་རྟགས་དག་གསུམ་གྱི་རྩ་ཚིག་དག་ལས། དཔེ་མཚོན་ཙམ་གྱི་ཕྱིར་དུ་དཀའ་གནད་གསལ་བའི་མེ་ལོང་དེ་ཉིད་སྒྲ་གདངས་དག་ཅིང་གསལ་ལ་དལ་ལྷོད་རན་པའི་སྒོ་ནས། དགེ་སློབ་ཡོངས་ཀྱི་མདུན་དུ་ཚར་གཅིག་བློ་སྐྱོར་བྱས་ཏེ་གྲུབ་པ་དང་བྱ་དགའི་དཔང་ཡིག་དགེ་རྒན་རྣམ་པས་སློབ་མ་རྣམས་ལ་བསྩལ་ཏེ། དགེ་རྒན་རྣམ་པ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམས་དང་ལྷན་གཅིག་ཏུ་དྲན་རྟེན་འདྲ་པར་བསྐྱོན་རྗེས།

སྙན་མོའི་ངག་ལ་མངའ་དབང་འབྱོར་བའི་སློམ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་སྤྲོ་སྣང་སྟེར་བའི་གླུ་གཞས་གཏོང་ཞིང་།

མཇུག་ཏུ་དགེ་སློབ་ཡོངས་ཀྱིས་ལྷན་གཅིག་ཏུ་གླུ་བ་ཤེར་བསྟན་གྱིས་བླངས་པའི་སྙན་གཞས་ཏེ་ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད་ཅེས་པའི་གཞས་བཏང་སྟེ་མཛད་སྒོའི་མཇུག་ལེགས་པར་བསྡུས་པ་རེད། །

༄༅། །བྱ་དགའ་སྤྲོད་སའི་སློབ་མའི་མཚན་ཐོ།


ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སྤྱི་ལོ༢༠༡༣ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པོ་ཡི་སློབ་མ་ཚོས་སུམ་རྟགས་དག་གསུམ་གྱི་རྩ་ཚིག་སྟེ། སུམ་ཅུ་པ་དང་རྟགས་འཇུག ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་བཅས་ཀྱི་རྩ་ཚིག་བློ་འཛིན་ལེགས་འགྲུབ་བྱུང་བའི་སློབ་མའི་མཚན་གཞུང་།


འཛིན་གྲྭ་དང་པོ།

པད་མ་མཚོ། དཔལ་བཟང་། རྟ་མགྲིན་དཔལ་མོ། ཨོ་རྒྱན་རྒྱ་མཚོ། ཚེ་རིང་ལྷ་སྐྱིད། ཀུན་དགའ་ཆོས་དབྱིངས། ཆོས་བཟང་། བཟོད་པ།


འཛིན་གྲྭ་གཉིས་པ།

ཨོ་རྒྱན་སྒྲོན་མ། ཚེ་རིང་དབང་མོ། གཡང་སྐྱིད། ཚེ་བརྟན་དཔལ་མོ། དོན་འགྲུབ་རྡོ་རྗེ། སངས་རྒྱས་རྡོ་རྗེ།


འཛིན་གྲྭ་གསུམ་པ།

བཀྲ་ཤིས་གཡང་མཚོ། ཀུན་དགའ། བཟང་མཁས། ཨོ་རྒྱན་ཤེས་རབ། བཀྲ་ཤིས་ཚེ་རྒྱལ། བློ་བཟང་དོན་འགྲུབ། བཀྲ་ཤིས་དར་རྒྱས། མཚོ་རྒྱལ་དཔལ་མོ།


འཛིན་གྲྭ་བཞི་པ།

ཆོས་སྒྲོན། དོན་འགྲུབ་རྡོ་རྗེ། དབྱངས་ཆེན། ཚེ་དབང་ལྷ་མཚོ། བསོད་ནམས་དཔལ་སྐྱིད། དཀོན་མཆོག་གཡང་འཛོམས། ཚེ་རིང་འབྲུག་རྒྱལ། མེ་ཏོག་གཡང་འཛོམས།