དཔལ་དོན་གྲུབ་རྒྱལ་མཆོག་རྗེས་དྲན་གྱི་བོད་ཡིག་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བ།


འགྲན་ཞུགས་སློབ་མ་རྣམས་ཀྱིས་གྱེར་འདོན་བྱེད་བཞིནཔ།

  ཟླ11པའི་ཚེས5ཉིན། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དང་། ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་སྡེ་ཁག་གི་སྤྱི་ལོ2012ལོའི་བོད་ཡིག་ཆེད་སྦྱོང་འཛིན་གྲྭས་གཙོ་སྒྲུབ་བྱས་པའི་སྐབས་གཉིས་པའི་དཔལ་དོན་གྲུབ་རྒྱལ་མཆོག་སྐུ་འདས་ནས་ལོ་འཁོར་ཉེར་དགུ་ལོན་པའི་རྗེས་དྲན་བྱ་འགུལ་གྱི་བོད་ཡིག་སྙན་ངག་གྱེར་འདོན་འགྲན་སྡུར་ཞེས་པའི་མཛད་སྒོ་དེ་ཡུལ་ཤུལ་དུ་བསྡུས་པ་རེད།
  གྱེར་འདོན་མཛད་སྒོའི་སྟེང་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་དཔྱད་འདེམ་པའི་དགེ་རྒན་རྣམ་པ། ཆེད་སྦྱོང་སྡེ་ཁག་གི་དགེ་སློབ་མ་རྣམ་པ་དང་། ཆེད་འབྲིང་ལས་རིགས་སྡེ་ཁག་གི་དགེ་སློབ་རྣམ་པ་སོགས་དབུ་ཁྲིད་དང་དགེ་སློབ་བདུན་བརྒྱ་ཙམ་ཞིག་མཉམ་ཞུགས་གནང་། 
  བྱ་འགུལ་དེའི་དམིགས་ཡུལ་ནི། མཁས་དབང་སྐུ་ཞབས་དོན་གྲུབ་རྒྱལ་ཁོང་གི་སྤོབས་པ་དང་རིགས་ཞེན་གླེང་སྟེ། བོད་མི་རེ་རེའི་སེམས་ཁོང་གི་རིགས་ཞེན་འདུ་ཤེས་སྐྱེད་སྲིང་དང་བསམ་བློ་གསར་པའི་སྒོ་མོ་ཕྱེ་སྟེ། གོ་སྐབས་འདི་དང་བསྟུན་ནས་སློབ་གྲྭའི་སློབ་མ་ཡོངས་ལ་སྐད་ཡིག་གི་རིན་ཐང་དང་གལ་ཆེའི་རང་བཞིན། སྙན་ངག་གསར་པའི་དགེ་མཚན་རྟོགས་པའི་གར་སྟེགས་ཤིག་སྤྲོད་རྒྱུའི་ཆེད་དུ་ཡིན་པ་རེད།


ཚོགས་རའི་ཟུར་ཞིག

  གྱེར་འདོན་འགྲན་ཞུགས་མཁན་གྱི་སློབ་མ་རྣམས་ཀྱིས་གོ་རིམ་བཞིན་དུ་གཅིག་རྗེས་གཉིས་མཐུད་ཀྱིས། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མངོན་པར་གསལ་ཞིང་། རྦབ་ཆུའི་བཞུར་སྒྲ་ལྟ་བུའི་སྒྲ་གདངས་མཐོ་དམའ་ཡིད་ཀྱི་འགྱུར་བ་དང་མཐུན་པའི་སྒོ་ནས་གྱེར་ཞིང་། གྱེར་མཁན་སློབ་མ་དེ་དག་ལས་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་བཞི་བཅས་བདམས་ཏེ་བྱ་དགའི་དངོས་པོ་དང་དཔང་ཡིག་རྣམས་བསྩལ་ཞིང་། གྱེར་འདོན་སྐབས་ཀྱི་བར་སྐབས་ལ་ལར་ངལ་གསོ་བའི་ཕྱིར་དུ་ཐོས་འཛིན་དབང་པོའི་བདུད་རྩི་རུ་འགྱུར་བའི་གླུ་གཞས་གཏོང་བ་སོགས་ཀྱི་སྒོས། ཚོགས་ཞུགས་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་དགེ་སློབ་ཐམས་ཅད་ཀྱི་དགའ་སྤྲོའི་དགོད་སྒྲས་རྩལ་སྦྱོང་ཁང་ཆེན་ཡོངས་སུ་ཁྱབ་པའི་རྣམ་པ་ཞིག་གི་ངང་ནས། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2012ལོའི་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭས་སྤེལ་བའི། སྐབས་གཉིས་པའི་སྐུ་ཞབས་རང་གྲོལ་རྗེས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་ཚོགས་དེ་ལེགས་པོར་སྤེལ་ཞིང་མཇུག་ཀྱང་རྒྱལ་ཁའི་ངང་ནས་བསྡུས་པ་རེད།


འགྲན་སྡུར་མཇུག་བསྒྲིལ་རྗེས་དགེ་སློབ་རྣམས་མཉམ་དུ་པར་བསྐྱོན་པ།