སྐབས་གསུམ་པའི་དབྱིན་སྐད་གཏམ་རྒྱུད་ཟློས་གར་དང་སློབ་རའི་རིག་རྩལ་འཁྲབ་སྟོན།

DSC00650.JPG

 སྤྱི་ཟླ༤པའི་ཚེས༡༢རེས་གཟའ་ལྷག་པ་ཉིན་གྱི་ཉིན་གུང་དུས་ཚོད་གཉིས་དང་ཕྱེད་ཐོག་འགོ་འཛུགས་ཀྱིས། དུས་ཚོད་གཉིས་ཙམ་གྱི་རིང་དུ་སློབ་གྲྭའི་ཚོམས་ཁང་ཆེན་མོའི་ནང་དུ། སྐབས་གསུམ་པའི་དབྱིན་སྐད་གཏམ་རྒྱུད་ཟློས་གར་དང་སློབ་རའི་རིག་རྩལ་འཁྲབ་སྟོན་ཞེས་པའི་རིག་རྩལ་བྱེད་སྒོ་ཞིག དབྱིན་ཡིག་དགེ་རྒན་བཀྲ་ཤིས་རབ་བརྟན་ལགས་ཀྱིས་འགན་བཞེས་ཏེ་སློབ་དཔྱོད་ཁང་གིས་སྤེལ་བ་རེད།

DSC00627.JPG

  བྱེད་སྒོ་འདིའི་ཐོག་ཏུ་སློབ་གཙོ་གཞོན་པ་རྒན་བསོད་ནམས་འབྱོར་ལྡན་དང་སློབ་གཙོ་གཞོན་པ་རྒན་རྒྱལ་མཚན་སོགས་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་། དམའ་གཅིག་དང་དམའ་གཉིས་ཀྱི་འཛིན་གྲྭ་སོ་སོའི་འཛིན་བདག་དང་དགེ་རྒན་རྣམ་པ་དང་སློབ་མ་ཡོངས་མཉམ་ཞུགས་གནང་།

བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི།

 གཅིག སློབ་གསོ་ནི་དེང་རབས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་རྩ་དོན་ལྟར། དུས་རབས་ཉེར་གཅིག་པའི་མི་རབས་གསར་པ་རྣམས་རང་གི་ཕ་སྐད་མ་ཡིག་གཙོ་བོར་བཟུང་ཐོག་རྒྱ་ཡིག་དང་དབྱིན་སྐད་རྣམས་ཤེས་མཁན་ཏེ། གནའ་དེང་ཟུང་འཇུག་གི་སྐད་ཡིག་གི་ཤེས་ཡོན་ལྡན་མཁན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཡོང་ཕྱིར་དང་།

གཉིས། འཛམ་གླིང་གོ་ལ་ཟླུམ་པོའི་སྤྱི་ཚོགས་དང་རིག་གནས་བཅས་ལ་བལྟ་བའི་མིག་དབང་ལྟ་བུའི་སྐད་ཡིག་ཤེས་ཏེ། མི་རིགས་མཐུན་འབྲེལ་དང་མཛའ་མཐུན་ཞི་བདེ་འཕེལ་རྒྱས་བཅས་ལ་རེ་སྨོན་འཆང་མཁན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཡོང་ཆེད་དང་།

གསུམ། རང་སློབ་གྲྭའི་སློབ་མ་རྣམས་དབྱིན་ཡིག་ལ་སློབ་གཉེར་བྱ་འདོད་ཀྱི་མོས་བློ་སྐྱེ་བ་དང་། རིག་རྩལ་བྱེད་སྒོ་དག་ཏུ་དབྱིན་ཡིག་བཀོལ་སྤྱོད་གཏོང་སྟེ་དབྱིན་ཡིག་ལ་སྦྱང་བརྩོན་བྱ་སའི་ཁ་དབུགས་མངའ་བའི་སློབ་རའི་ཁོར་ཡུག་ཅིག་བསྐྲུན་ཕྱིར་སྤེལ་བ་རེད།

DSC00660.JPG

རིག་རྩལ་འཁྲབ་སྟོན་འདིའི་བྱེད་སྒོ་དངོས་ནི།

ཐོག་མར་ཡིད་དུ་འོང་བའི་བོད་ཆས་གཙང་མ་གྱོན་པའི་བོད་དབྱིན་རྒྱ་གསུམ་གྱི་མདོ་འཛིན་པ་རྣམས་ཀྱིས།

བློ་གསལ་སློབ་བུ་ཐམས་ཅད་ཀྱིས། །

བོད་དབྱིན་རྒྱ་གསུམ་ལེགས་ཤེས་ཏེ། །

གོ་ལའི་སྤྱི་ཚོགས་རིག་གནས་དག །

མཐོང་བའི་མིག་དབང་ཐོབ་པར་ཤོག །

 ཅེས་པ་འདི་ལྟ་བུའི་སྨོན་ཚིག་བཟང་པོ་དག་གིས་མདུན་ལེགས་པར་བསུས་ཏེ་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བཙུགས་པ་རེད། རིག་རྩལ་འཁྲབ་སྟོན་དེར་དབྱིན་ཡིག་གི་ཆུ་ཚད་ཅུང་བཟང་བ་དང་རིག་རྩལ་འཁྲབ་སྟོན་ལ་དགའ་ཞེན་ཆེ་བའི་སློབ་མ་རྣམས་མཉམ་ཞུགས་ཀྱིས། བརྗོད་དོན་སློབ་གསོའི་རང་བཞིན་མངའ་བའི་འཁྲབ་སྟོན་དང་། དབྱིན་ཡིག་གི་བརྩམས་ཆོས་གྱེར་ཀློག་དང་གླུ་གར་བཅས་རྩེད་རིགས་སྣ་ཚོགས་ཀྱི་སྒོ་ནས་རིག་རྩལ་འཁྲབ་སྟོན། ཚོགས་བཞུགས་དགེ་སློབ་ཡོངས་ཀྱི་བློ་ཡིད་ཚིམ་པའི་འཁྲབ་སྟོན་བྱས་ཏེ་སྐབས་འདིའི་བྱེད་སྒོ་དེ་རེ་ཞིག་མཇུག་ལེགས་པར་བསྡུས་ཀྱང་། དགེ་སློབ་རྣམ་པའི་རེ་བར་སྐབས་རྗེས་མ་སྟེ་སྐབས་བཞི་པ་དང་ལྔ་པ་བཅས་མུ་མཐུད་དུ་སྤེལ་བའི་རེ་བ་ཆེན་པོ་འཆང་བཞིན་འདུག

DSC00641.JPG

བརྗོད་དོན་སློབ་གསོའི་རང་བཞིན་མངའ་བའི་འཁྲབ་སྟོན་བྱེད་བཞིན་པ།

DSC00602.JPG

རྩེད་མཚར་རང་བཞིན་ཅན་གྱི་གཏམ་གླེང་བྱེད་བཞིན་པ།

DSC00619.JPG

བརྗོད་དོན་སློབ་གསོའི་རང་བཞིན་མངའ་བའི་འཁྲབ་སྟོན་བྱེད་བཞིན་པ།

DSC00645.JPG

སློབ་བུ་སྐལ་དར་གྱིས་སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་བཞིན་པ།