༢༠༡༧ལོའི་བོད་སྐད་ཡིག་འབྲིང་རྒྱུགས་ལས་ཚིག་རྒྱན་རིག་པའི་སྐོར་ལ་ཆེད་དམིགས་འཆད་ཁྲིད།

DSC00871.JPG 

 སྤྱི་ལོ༢༠༡༧ལོའི་ཟླ༥པར་སློབ་གྲྭའི་རིག་གཞུང་ཚོགས་ཁང་དུ་དམའ་གསུམ་སྡེ་ཁག་གིས་གོ་སྒྲིག་ཞུས་ཏེ་དམའ་གསུམ་སློབ་མ་རྣམས་ལ་དགེ་རྒན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས། འབྲིང་རྒྱུགས་ལ་ཆེད་དམིགས་ཀྱིས་སྙན་ངག་སྟེ་ཚིག་རྒྱན་རིག་པའི་སྐོར་ནས་འཆད་ཁྲིད་གནད་དུ་སྨིན་པ་ཞིག་སྤེལ།

DSC00869.JPG

འཆད་ཁྲིད་འདིར་དམའ་གསུམ་བོད་སྐད་ཡིག་གི་དགེ་རྒན་རྣམ་པ་དང་དམའ་གསུམ་སློབ་མ་ཡོངས་མཉམ་ཞུགས་གནང་།

DSC00860.JPG

འཆད་ཁྲིད་དེའི་མདོ་འཛིན་དམའ་གསུམ་སྡེ་ཁག་གི་འགན་འཛིན་དགེ་རྒན་ཀུན་དགའ་ཆོས་འཕེལ་ལགས་ཀྱིས་མཛད་ཅིང་། ཁོང་གིས་དམའ་གསུམ་སྡེ་ཁག་གིས་འཆད་ཁྲིད་འདི་སྤེལ་བའི་དམིགས་ཡུལ་དང་དགོས་དོན་གང་ཡིན་དང་འཆད་ཁྲིད་མཛད་པ་པོའི་འཚམས་སྦྱོར་མདོར་སྡུས་ཤིག་གནང་གྲུབ་པ་དང་། དགེ་རྒན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་འཆད་ཁྲིད་དངོས་སུ་མཛད།

DSC00874.JPG

 ཁོང་གི་འཆད་ཁྲིད་དེའི་བརྗོད་དོན་གཙོ་བོ་ནི། སློབ་མས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་ཚུལ་དང་འབད་བརྩོན་ཆེ་བསྐྱེད་ཀྱིས་ཤེས་བྱ་རིག་གནས་ལ་གོ་རིམ་ལྡན་པའི་སྒོ་ནས་འཇུག་ཚུལ་བཅས་ཀྱི་སྐོར་དང་། ལྷག་ཏུ་དམའ་གསུམ་བོད་སྐད་ཡིག་གི་བསླབ་དེབ་དྲུག་པོའི་ནང་གི་ཚིག་རྒྱན་རིག་པའི་ཤེས་བྱ་རྣམས་ཟུར་ཕྱུང་སྒོས། རྩོམ་ལུས་བཅད་ལྷུག་སྤེལ་མ་གསུམ་དང་། རྒྱན་ལས་རང་བཞིན་བརྗོད་པའི་རྒྱན་བཞི་དང་། དཔེ་རྒྱན། གཟུགས་རྒྱན་སོགས་ཀྱི་སྐོར་དག་ལས་འབྲིང་རྒྱུགས་ལ་ཆེད་དམིགས་མཛད་དེ། སློབ་མའི་ཤེས་ཡོན་གྱི་ཆུ་ཚད་དང་རན་པའི་སྣོད་བསྟུན་སློབ་ཁྲིད་རྒྱས་བསྡུས་རན་ཞིང་གནད་དུ་སྨིན་པ་ཞིག་གནང་།

མཇུག་མཐར་འཆད་ཁྲིད་དེ་ཉིད་གནང་གྲུབ་མཚམས་སུ་རྒན་ལ་གུས་བཀུར་མཚོན་ཕྱིར་དགེ་སློབ་ཡོངས་འདུག་སྟེགས་ལས་ཡར་བཞེངས་ཏེ་དགའ་བསུ་ཐལ་སྒྲ་དང་བཅས་ཏེ་འཆད་ཁྲིད་འདི་ཉིད་མཇུག་ལེགས་པར་བསྡུས་པ་རེད། །